ཐི་ལིང་ཕུའུ་ཡིས་ཧ་ལི་སི་དང་ཞི་ལ་ལེ་ཡི་བདེ་འཇགས་ཆོག་མཆན་ཕྱིར་འཐེན་བྱ་རྒྱུའི་ཐག་བཅད།
2025.03.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཚེས21ཉིན་ཨ་རིའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཨ་རིའི་ཙུང་ཐུང་གཞོན་པ་ཟུར་པ་ཧ་ལི་སི་དང་ཨ་རིའི་རྒྱལ་སྲིད་བློན་ཆེན་ཟུར་པ་ཞི་ལ་ལི་སོགས་ཀྱི་བདེ་འཇགས་ཆོག་མཆན་ཕྱིར་འཐེན་བྱས་ནས།  ཁོ་ཚོས་གསང་བའི་ཆ་འཕྲིན་འདྲི་རྟོག་བྱེད་པའི་དབང་ཆ་མེད་པར་བྱེད་རྒྱུ་གཏན་འཁེལ་བྱས།

ཐི་ལིང་ཕུའུ་ཡིས་ཕོ་བྲང་དཀར་པོ་རུ་ཁྱབ་བསྒྲགས་བྱས་པའི་དྲན་ཐོའི་ནང་དུ། “གཤམ་གྱི་མི་སྒེར་དག་ལ་གསང་བའི་ཆ་འཕྲིན་དང་འབྲེལ་གཏུག་བྱེད་དུ་འཇུག་རྒྱུ་དེ་རྒྱལ་ཁབ་ཀྱི་བདེ་འཇགས་ཁེ་ཕན་དང་མི་འཚམ་པ་ངས་གཏན་འཁེལ་བྱས་ཡོད”ཅེས་བཤད་ཡོད་པ་རེད།

བདེ་འཇགས་ཆོག་མཆན་ཕྱིར་འཐེན་བྱས་པའི་མི་སྣའི་ཁྲོད་དུ་ད་དུང་རྒྱལ་སྲིད་བློན་ཆེན་ཟུར་པ་པུའུ་ལིན་ཁིན་དང་།ཙུང་ཐུང་ཟུར་པ་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་ཧྲ་ལི་ཝུན།སྤྱི་མཐུན་ཏང་གི་རྒྱལ་ཁོངས་ཡོད་པའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་མི་ཟུར་པ་ལི་ཙི·ཆེ་ཉི། ཐི་ལིང་ཕུའུ་ཡི་འགན་ཡུན་ཐེངས་སྔོན་མའི་ནང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་དུ་ཡོ་རོབ་དང་ཨུ་རུ་སུའི་ལས་དོན་དོ་དམ་བྱེད་མཁན་ཧྥེ་ཨའོ་ན·ཞི་ཨར་དང་།ཁྲིམས་རྩོད་པ་མ་ཁེ་·ཀྲ་དབྱི་ཏེ།རྒྱལ་ཕྲན་མཉམ་འབྲེལ་གྱི་གྲོས་མི་ཟུར་པ་ཡ་ཏང་·ཅིན་ཅིན་ཀི་སོགས་ཡོད།

ད་ལོའི་ཟླ2པར་ཐི་ལིང་ཕུའུ་ཡིས་ཙུང་ཐུང་ཟུར་པ་པའེ་ཏེང་གི་བདེ་འཇགས་ཆོག་མཆན་ཕྱིར་འཐེན་བྱ་རྒྱུ་ཁྱབ་བསྒྲགས་བྱས་པ་རེད། སྐབས་དེར་ཐི་ལིང་ཕུའུ་ཡིས2021ལོར་པའེ་ཏེང་གིས་ཨ་རིའི་གསང་འཕྲིན་སྒྲིག་གཞིར་ཁོ་ལ་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པའི་གསང་བའི་ཆ་འཕྲིན་མཁོ་འདོན་བྱེད་མཚམས་འཇོག་དགོས་པའི་མཛུབ་སྟོན་བྱས་ནས།  ལས་གནས་ལས་ཕྱིར་འཐེན་བྱས་རྗེས་ཨ་རིའི་ཙུང་ཐུང་ཟུར་པ་ལའང་གསང་བའི་ཆ་འཕྲིན་བསྡུ་ལེན་བྱེད་དབང་ཡོད་པའི་གོམས་སྲོལ་གཏོར་ཡོད་ཅེས་བཤད།

2021ལོར་སྐབས་དེ་དུས་ཨ་རིའི་ཙུང་ཐུང་པའེ་ཏེང་གིས་ཙུང་ཐུང་ཟུར་པ་ཐི་ལིང་ཕུའུ་ཡི་བདེ་འཇགས་ཆོག་མཆན་ཕྱིར་འཐེན་བྱས་པ་རེད། པའེ་ཏེང་གིས་ལས་འགན་འཁུར་ནས་ཡུན་རིང་མ་སོང་བར་ཐི་ལིང་ཕུའུ་ལ་ཉིན་རེའི་གསང་འཕྲིན་གསར་འགྱུར་མདོར་བསྡུས་ཐོབ་མི་རུང་ཟེར།  ཅིའི་ཕྱིར་ཞེ་ན།  ཁོའི“བྱ་སྤྱོད་བརྟན་པོ་མིན་པའི”དབང་གིས་ཆ་འཕྲིན་དེ་དག་གང་འདོད་དུ་མཉམ་སྤྱོད་བྱེད་སྲིད་ཅེས་བཤད།

གཡང་འབུམ་རྒྱལ་གྱིས་བསྒྱུར།