ཚེས22ཉིན་དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་གསལ་བསྒྲགས་སྤེལ་ནས། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེའི་ཕྱི་དྲོ་དང་དགོང་མོར་ལེ་པ་ནོན་མངའ་ཁོངས་ཀྱི་ཀྲིན་ཀྲུའུ་ཏང་གི་དམིགས་འབེན་མང་པོ་ཞིག་ལ་མུ་མཐུད་དུ་མཁའ་རྒོལ་བྱས་པ་རེད།
གསལ་བསྒྲགས་ལས་བཤད་རྒྱུར། རྡུང་རྡེག་གཏོང་བའི་དམིགས་འབེན་ནང་ཀྲིན་ཀྲུའུ་ཏང་གི་མི་སྣ་དང་བཀོད་འདོམས་ལྟེ་གནས། མེ་ཤུགས་འཕུར་མདེལ་འཕེན་ཆས། མཚོན་ཆའི་མཛོད་བཅས་ཚུད་ཡོད་པ་རེད། དབྱི་སི་རལ་གྱི་དམག་དཔུང་གིས་དགོས་མཁོར་གཞིགས་ནས་མུ་མཐུད་དུ་རྡུང་རྡེག་བཏང་ནས་དབྱི་སི་རལ་གྱི་མི་དམངས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་བཤད།
དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་མེ་ཤུགས་འཕུར་མདེལ5ལེ་པ་ནོན་ནས་དབྱི་སི་རལ་གྱི་བྱང་རྒྱུད་མཐའ་མཚམས་གྲོང་ཁྱེར་མེ་ཐུའུ་ལ་ཕྱོགས་སུ་འཕངས་པའི་ནང་ནས་མེ་ཤུགས་འཕུར་མདེལ3བདེ་བླག་ངང་བཀག་འགོག་བྱས་པ་དང་། འཕུར་མདེལ་གཞན2ལེ་པ་ནོན་དང་དབྱི་སི་རལ་གྱི་གནས་སྐབས་མཐའ་མཚམས་ལས་བརྒལ་མེད་པའི་ལེ་པ་ནོན་གྱི་ལྷོ་རྒྱུད་དུ་ལྷུང་ཚུལ་བརྡ་ཁྱབ་བཏང་བ་རེད། འཇབ་རྒོལ་བྱས་རྗེས། དབྱི་སི་རལ་གྱི་དམག་དཔུང་གིས་མྱུར་དུ་ལེ་པ་ནོན་གྱི་ལྷོ་རྒྱུད་ལ་མེ་སྒྱོགས་ཀྱིས་ཕར་རྒོལ་བྱས།
གཡང་འབུམ་རྒྱལ་གྱིས་བསྒྱུར།