ཟླ3པའི་ཚེས24ཉིན་ནི་འཛམ་གླིང་འདུས་འདྲིལ་ནད་འགོག་བཅོས་བྱེད་པའི་ཉིན་མོ་ཡིན་ཞིང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཉིན་དེར་རང་གི་དྲ་ཚིགས་སུ་ད་ལོའི་དྲིལ་སྒྲོག་བརྗོད་དོན་ཏེ། ང་ཚོས་འདུས་འདྲིལ་ནད་སེལ་ཐུབ་པས་དམ་བཅའ་དང་དངུལ་གཏོང་། འགུལ་སྐྱོད་ཅེས་བྱེད་དགོས་ཞེས་པ་སྤེལ་ནས། དོན་དངོས་འགུལ་སྐྱོད་སྤེལ་ནས་འགོག་བཅོས་བྱེད་ཐུབ་པའི་ནད་ཡམས་འདི་སེལ་དགོས་པའི་འབོད་སྐུལ་བཏང་།
འདུས་འདྲིལ་ནད་ནི་འཛམ་གླིང་སྟེང་ཆེས་ཚབས་ཆེ་བའི་འགོས་ནད་ཅིག་ཡིན་ཞིང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གཞི་གྲངས་ལྟར་ན། འཛམ་གླིང་ཡོངས་སུ་ཆ་སྙོམས་ཉིན་རེར་མི་སྟོང་གསུམ་དང་བཞི་བརྒྱ་ཉེར་ལྔ་འདུས་འདྲིལ་ནད་ལས་ཤི་བཞིན་ཡོད་པ་དང་། མི་ཁྲི་གསུམ་ཙམ་ལ་འདུས་འདྲིལ་ནད་འགོ་བཞིན་ཡོད། 2000ལོའི་ཚུན་ལ། འཛམ་གླིང་ཡོངས་ཀྱིས་འདུས་འདྲིལ་ནད་ལ་འགོག་བཅོས་བྱས་ཏེ་མི་བྱེ་བ་བདུན་དང་ས་ཡ་དགུའི་ཚེ་སྲོག་བསྐྱབས་ཡོད།
འཛམ་གླིང་རྩ་འཛུགས་ཀྱིས་སྤེལ་བའི2024ལོའི་འཛམ་གླིང་ཡོངས་ཀྱི་འདུས་འདྲིལ་ནད་ཀྱི་སྙན་ཞུ་ལས་མངོན་པ་ལྟར་ན། 2023ལོར་འཛམ་གླིང་ཡོངས་སུ་འདུས་འདྲིལ་ནད་བྱུང་བའི་ནད་པ་ས་ཡ་བརྒྱད་དང་འབུམ་གཉིས་ལ་བརྟག་དཔྱད་བྱས་ཏེ་གསོ་བཅོས་བྱེད་པའི་ཞབས་ཞུ་སྤེལ་བ་དང་། 2022ལོའི་ས་ཡ་བདུན་དང་འབུམ་ལྔ་ལས་མཐོ་བ་དང2020ལོའི་ས་ཡ་ལྔ་དང་འབུམ་བརྒྱད་ལས་རིང་དུ་བརྒལ་ཡོད། ཡིན་ཡང་འཛམ་གླིང་ཡོངས་ཀྱི་འདུས་འདྲིལ་ནད་བྱུང་བའི་ནད་པའི་ཚོད་དཔག་ཁ་གྲངས་དང་གསར་དུ་ངོས་འཛིན་བྱས་པའི་ནད་པའི་ཁ་གྲངས་བར་བར་ཁྱད་ཆེན་པོ་བྱུང་ཡོད།
2023ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་སྟེང་། རྒྱལ་ཁབ་སོ་སོའི་མགོ་ཁྲིད་པས་འདུས་འདྲིལ་ནད་སེལ་བའི་ཐད་འབད་བརྩོན་བྱེད་རྒྱུ་ཁས་ལེན་བྱས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྟན་དོན། ད་ལྟ་དོན་དངོས་འགུལ་སྐྱོད་སྤེལ་ནས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་མཛུབ་སྟོན་དང་སྲིད་ཇུས་མྱུར་མོར་དངོས་འབེབས་བྱེད་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ཇེ་དྲག་ཏུ་བཏང་སྟེ། མ་དངུལ་འདང་ཚིམས་པ་འདོན་སྤྲོད་བྱེད་དགོས། མ་དངུལ་འདང་ཚིམས་པ་མེད་ན་འདུས་འདྲིལ་ནད་ལས་རྣམ་པར་རྒྱལ་ཐབས་མེད། དེ་བས་སྤོབས་པ་ཆེན་པོ་དང་སྣེ་མང་ཅན་གྱི་དངུལ་གསོག་བྱེད་ཐབས་དགོས་ལ། གསར་གཏོད་ལ་རྒྱབ་སྐྱོར་བྱེད་པ་དང་འདུས་འདྲིལ་ནད་ཀྱི་འགོག་བཅོས་དང་གསོ་བཅོས་ཞབས་ཞུ་ཐོབ་པའི་བར་ཁྱད་ཇེ་ཆུང་དུ་བཏང་སྟེ་ལག་རྩལ་གོང་འཕེལ་ལ་ཞིབ་འཇུག་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།