ཨེ་ཅིབ་ཀྱི་འཐུས་ཚབ་ཚོགས་པ་ཏའོ་ཧཱ་རུ་སོང་ནས་མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པར་གྲོས་བསྡུར་བྱེད་རྒྱུ་རེད།
2025.03.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨེ་ཅིབ་ཀྱི་ཁེ་རོ་གསར་འགྱུར་བརྙན་འཕྲིན་ཁང་གིས་ཚེས27ཉིན་བསྒྲགས་པ་ལྟར་ན། ཨེ་ཅིབ་ཀྱི་བདེ་འཇགས་འཐུས་ཚབ་ཚོགས་པ་ཉིན་དེར་ལམ་ལ་ཆས་ཏེ་ཁཱ་ཐར་གྱི་རྒྱལ་ས་ཏའོ་ཧཱ་རུ་སོང་ནས། མུ་མཐུད་དུ་བཀག་འཇུག་ཐེབས་པའི་མི་སྣ་ཕྱིར་གཏོང་བ་དང་། ཅཱ་ཧྲ་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བའི་ཐད་ནས་གྲོས་བསྡུར་བྱེད་རྒྱུ་རེད་ཟེར།

བསྒྲགས་པ་ལྟར་ན། གྲོས་མོལ་ནས་གཙོ་བོ་ཅཱ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་སྐྱེལ་འདྲེན་བྱེད་པར་གྲོས་བསྡུར་བྱས་ཏེ། དུས་རིམ་རྗེས་མའི་དུས་གཏན་གྱི་འཁྲུག་རྩོད་མཚམས་འཇོག་པར་རྨང་གཞི་འདིང་རྒྱུ་རེད་ཟེར།

དབྱི་སི་རལ་གྱིས་ཟླ་འདིའི་ཚེས18ཉིན་ཅཱ་ཧྲ་ས་ཁུལ་ལ་གཞི་རྒྱ་ཆེ་བའི་བར་སྣང་འཇབ་རྒོལ་དང་ས་ངོས་ཀྱི་འགུལ་སྐྱོད་སླར་གསོ་བྱས། ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས26ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས18ཉིན་གྱི་ཚུན་ལ་ཅཱ་ཧྲ་ས་ཁུལ་དུ་བསྟུད་མར་བར་སྣང་འཇབ་རྒོལ་བྱས་པ་ལས་ཉུང་མཐར་ཡང་མི830རྐྱེན་ལམ་དུ་ཤོར་བ་དང་། མི1787ལ་རྨས་ཕོག་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།