ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས27ཉིན་ཨུ་རུ་སིའི་ནུབ་བྱང་ཕྱོགས་ཀྱི་མའོ་ཨར་མན་སི་ཁི་གྲོང་ཁྱེར་ནས་བཤད་རྒྱུར། ཨུ་རུ་སི་ཡིས་མུ་མཐུད་དུ་མཚོ་དམག་གྲུ་གཟིངས་རུ་ཁག་གི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ། རང་ནུས་ཅི་ཡོད་ཀྱིས་མཚོ་ཐོག་སྟོབས་ལྡན་རྒྱལ་ཁབ་ཀྱི་གོ་གནས་སྲ་བརྟན་དུ་གཏོང་རྒྱུ་ཡིན་ཟེར།
ཁི་ལི་མུའུ་ལིན་ཕོ་བྲང་གིས་ཚེས27ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་ཕིས་ཨར་མུའུ་རྟགས་ཅན་གྱི་ཉིང་རྡུལ་ཆུ་འཛུལ་གྲུ་གཟིངས་མཚོ་ནང་དུ་ཞུགས་པའི་མཛད་སྒོ་ཉིན་དེར་ཨུ་རུ་སིའི་ནུབ་བྱང་ཕྱོགས་ཀྱི་པེ་ཏི་ཝུན་སི་ཁི་གྲོང་ཁྱེར་ནས་སྤེལ་བ་དང་། མའོ་ཨར་མན་སི་ཁི་རུ་བྱ་འགུལ་ལ་ཞུགས་པའི་ཕུའུ་ཅིན་བརྙན་རིས་སྐུད་འབྲེལ་གྱི་ཐབས་ལ་བརྟེན་ནས་མཛད་སྒོར་ཞུགས། ཕུའུ་ཅིན་གྱིས་མཛད་སྒོའི་སྟེང་གཏམ་བཤད་སྤེལ་ཏེ། ཕིས་ཨར་མུའུ་རྟགས་ཅན་གྱི་ཉིང་རྡུལ་ཆུ་འཛུལ་གྲུ་གཟིངས་མཚོ་ནང་དུ་ཞུགས་པ་ནི་དུས་རིམ་རང་བཞིན་གྱི་དོན་སྙིང་ལྡན་པའི་དོན་ཆེན་ཞིག་ཡིན་པ་དང་། ཨུ་རུ་སི་ཡིས་མུ་མཐུད་དུ་འཐབ་ཇུས་སྟོབས་ཤུགས་འདུས་པའི་མཚོ་དམག་གི་གྲུ་གཟིངས་རུ་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཤིང་། སྤྱི་ཡོངས་ནས་རྟགས་མི་འདྲ་བའི་ཆུ་ངོས་དང་ཆུ་ཞབས་ཀྱི་གྲུ་གཟིངས་སྣ་ཚོགས་ཀྱི་བཟོ་སྐྲུན་མྱུར་ཚད་ཇེ་མགྱོགས་དང་གཞི་རྒྱ་ཇེ་ཆེར་གཏོང་རྒྱུ་མ་ཟད། དེར་མཚོན་ཆ་དང་འཕྲིན་གཏོང་སྒྲིག་ཆས་གསར་བ་སྒྲིག་སྦྱོང་བྱེད་རྒྱུ་ཡིན་ཟེར།
ཕུའུ་ཅིན་གྱིས་བསྟན་དོན། གྲུ་གཟིངས་རུ་ཁག་གི་སྟོབས་ཤུགས་ལ་ཤུགས་སྣོན་བྱས་ཏེ་ཨུ་རུ་སིའི་མཚོ་ཐོག་གི་རྒྱལ་མཚམས་དང་བྱང་ཕྱོགས་འགྲུལ་ལམ་གྱི་བདེ་འཇགས་ལ་ཁག་ཐེག་བྱེད་པ་དང་། གླིང་སྣེ་བྱང་མ་ས་ཁུལ་དང་བཅས་པའི་འཛམ་གླིང་ཡོངས་ཀྱི་མཚོ་ཁོངས་ནས་རྒྱལ་ཁབ་ཀྱི་ཁེ་ཕན་ལ་འགན་སྲུང་བྱེད་རྒྱུ་ཡིན། ང་ཚོས་མུ་མཐུད་དུ་རང་ནུས་ཅི་ཡོད་ཀྱིས་ཨུ་རུ་སིའི་མངའ་ཁོངས་ཆ་ཚང་ཡོང་བ་དང་བདག་དབང་ལ་སྲུང་སྐྱོབ་གང་ལེགས་བྱས་ནས། རང་གི་མཚོ་ཐོག་སྟོབས་ལྡན་རྒྱལ་ཁབ་ཀྱི་གོ་གནས་སྲ་བརྟན་དུ་གཏོང་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།