ཨུ་རུ་སིའི་གསར་འགྱུར་ཁང་གིས་ཚེས27ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པ་ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་ཉིན་དེར་གསར་འགོད་པར་བསྟན་དོན། མིག་སྔར་ཨུ་རུ་སི་དང་ཨ་མེ་རི་ཁའི་བར་གྱི་འཐབ་ཇུས་གཏན་འཇགས་ཀྱི་གྲོས་མོལ་སླར་གསོ་བྱེད་པར་གྲོས་བསྡུར་བྱས་ན་ད་རུང་ཅུང་སྔ་དྲགས་ཟེར།
ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱི་མཐོ་རིམ་དཔོན་པོས་ཉེ་སྔོན་ཉིང་རྡུལ་ནུས་པ་མེད་པར་གཏོང་བའི་གྲོས་གཞི་བཏོན་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་དམག་དོན་ཚོད་འཛིན་དང་འཐབ་ཇུས་གཏན་འཇགས་ཀྱི་གྲོས་འགོ་བཏོན་པས། ཕྱོགས་གཉིས་བར་ཐ་སྙད་ཐད་ནས་འགལ་བ་བྱུང་ཡོད་ཟེར།
ཁོས་ད་རུང་བསྟན་དོན། ཨུ་རུ་སི་དང་ཨ་མེ་རི་ཁའི་འབྲེལ་བར་འགྱུར་ལྡོག་ཟབ་མོ་འབྱུང་བ་ནི་ཕྱོགས་གཉིས་ཀྱི་འཐབ་ཇུས་གཏན་འཇགས་གྲོས་མོལ་སླར་གསོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་གཙོ་བོ་ཡིན་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་མིག་སྔར་ད་རུང་འགྱུར་ལྡོག་དེ་འདྲ་འབྱུང་བཞིན་པ་མཐོང་མེད། དེ་བས་མིག་སྔར་གྲོས་མོལ་དེ་སླར་གསོ་བྱེད་པར་གྲོས་བསྡུར་བྱས་ན་ཅུང་སྔ་དྲགས་ཟེར།
ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་བསྟན་དོན། དུས་ཡུན་རིང་བོའི་ཚུན་ལ། རྒྱལ་སྤྱིའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་གྲོས་མཐུན་དང་བྱེད་ཐབས་མ་ལག་གིས་གནོན་ཤུགས་དང་ཉམས་སད་ཆེན་པོ་ཐེག་ཡོད། དེ་གཙོ་བོ་ཨ་མེ་རི་ཁས་གཏོར་བརླག་རང་བཞིན་གྱི་སྲིད་ཇུས་ལག་བསྟར་བྱས་པས་ཡིན་ཟེར། ཁོས་བལྟས་ན་ཆ་རྐྱེན་ཅི་ཡང་མེད་པར་རྒྱལ་ཁབ་ཀྱི་བདེ་འཇགས་ཁྱབ་ཁོངས་ཀྱི་ཁེ་ཕན་ལ་བསམ་བློ་བཏང་ནས་འགན་སྲུང་བྱེད་དགོས་པར་འདོད།
བསོད་ནམས་ཚེ་རིང་གིས་བསྒྱུར།