དབྱི་སི་རལ་གྱི་ཙུང་ལི་ཡིས་དབྱི་སི་རལ་དང་ལེ་པཱ་ནུན་གྱི་གནས་བབ་འགྱུར་ཡོད་པ་དང་འཇབ་རྒོལ་ལ་བཟོད་སྒོམ་གཏན་ནས་བྱེད་མི་སྲིད་པའི་ཚུལ་བསྟན།
2025.03.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས་ཉེར་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་དེར་བསྟན་དོན། དབྱི་སི་རལ་དང་ལེ་པཱ་ནུན་གྱི་གནས་བབ་ལ་རྩ་བ་ནས་འགྱུར་ལྡོག་བྱུང་ཡོད་པ་དང་། དབྱི་སི་རལ་གྱིས་དྲག་ཆས་འཇིགས་ཉེན་གང་རུང་ལ་བཟོད་སྒོམ་གཏན་ནས་བྱེད་མི་སྲིད་ཟེར།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བསྟན་དོན། དབྱི་སི་རལ་གྱིས་མུ་མཐུད་དུ་བློ་བརྟན་འགྱུར་མེད་ཀྱིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་བྱེད་རྒྱུ་ཡིན་ཡང་། གལ་ཏེ་དབྱི་སི་རལ་གྱི་བདེ་འཇགས་ལ་འཇིགས་ཉེན་ཐེབས་ན། ལེ་པཱ་ནུན་གྱི་ས་ཕྱོགས་གང་ཡིན་རུང་དབྱི་སི་རལ་གྱི་དམག་དཔུང་གིས་ཆམ་ཕབ་བཏང་སྟེ། དབྱི་སི་རལ་བྱང་ངོས་ཀྱི་སྡོད་དམངས་དག་བདེ་འཇགས་ངང་ཕྱིར་རང་ཁྱིམ་དུ་ལོག་པར་འགན་སྲུང་བྱེད་རྒྱུ་ཡིན་ཟེར།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་དམིགས་འབེན་མང་བོར་ཆམ་ཕབ་བཏང་བ་དང་། ཀྲིན་ཀྲུའུ་ཏང་གི་བཀོད་འདོམ་ལྟེ་གནས་དང་རྨང་གཞིའི་སྒྲིག་ཆས། མེ་ཤུགས་འཕུར་མདའི་གཏོང་འཕེན་སྒྲིག་ཆས། དྲག་ཆས་མི་སྣ་སོགས་འདུས་ཡོད་ཟེར། གསལ་སྒྲོག་ལས་བཤད་རྒྱུར། ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོར་ལེ་པཱ་ནུན་གྱི་མངའ་ཁོངས་ནས་དབྱི་སི་རལ་ལ་མེ་ཤུགས་འཕུར་མདའ་གཏོང་འཕེན་བྱས་པ་དེ་དབྱི་སི་རལ་དང་ལེ་པཱ་ནུན་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལ་མངོན་སུམ་གྱིས་འགལ་ཡོད་པ་དང་། དབྱི་སི་རལ་གྱི་མང་ཚོགས་ཀྱི་བདེ་འཇགས་ལ་ཐད་ཀར་འཇིགས་ཉེན་ཐེབས་ཡོད་པས། ལེ་པཱ་ནུན་སྲིད་གཞུང་གིས་གྲོས་མཐུན་དེ་ལག་བསྟར་བྱེད་པར་འགན་ཁུར་དགོས་ལ། དབྱི་སི་རལ་གྱི་དམག་དཔུང་གིས་མུ་མཐུད་དུ་འགུལ་སྐྱོད་སྤེལ་ནས། དབྱི་སི་རལ་ལ་དམིགས་པའི་འཇིགས་ཉེན་གང་རུང་མེད་པར་གཏོང་རྒྱུ་ཡིན་ཟེར།

ལེ་པཱ་ནུན་གྱི་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཉིན་དེ་སྔ་དྲོར་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱིས་ཉིན་དེར་ལེ་པཱ་ནུན་གྱི་རྒྱལ་ས་པེ་རུ་ཐིའི་ལྷོ་འདབས་ས་ཁུལ་གྱི་ཐོག་ཁང་ཞིག་ལ་འཕུར་མདའ་གཉིས་གཏོང་འཕེན་བྱས་ནས་གཏོར་བཤིག་བཏང་ཡོད་ཟེར། རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་བར་སྣང་འཇབ་རྒོལ་ནི་ན་ནིང་ཟླ་བཅུ་གཅིག་པའི་ཚེས་ཉེར་བརྒྱད་ཉིན་ལེ་པཱ་ནུན་དང་དབྱི་སི་རལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ནུས་ལྡན་དུ་གྱུར་རྗེས། དབྱི་སི་རལ་གྱིས་ཐོག་དང་པོར་པེ་རུ་ཐི་རུ་འཇབ་རྒོལ་བྱས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།