འབར་མའི་ས་ཡོམ་དྲག་པོར་ཀུན་གྱིས་དོ་སྣང་བྱས་པ་དང་ཕྱོགས་སོ་སོའི་སྟོབས་ཤུགས་ཀྱིས་བྲེལ་མྱུར་རོགས་སྐྱོར་བྱས།
2025.03.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

འབར་མ་རུ་ཚེས་ཉེར་བརྒྱད་ཉིན་ས་ཡོམ་དྲག་པོ་བྱུང་རྗེས་རྒྱལ་སྤྱིའི་རོགས་སྐྱོར་ཐོབ་པར་རེ་ཞུ་བྱས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མྱུར་མོར་དང་ལེན་བྱས། འབར་མའི་ཉེ་འཁོར་ས་ཁུལ་གྱི་རྒྱལ་ཁབ་མང་བོའི་སྲིད་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་ལང་ལོང་སྒོས་འཚམས་འདྲི་བྱས་པ་དང་། བྲེལ་མྱུར་མཐུན་སྦྱོར་རྒུད་སྐྱོབ་རོགས་སྐྱོར་བྱས།

ས་ཡོམ་བྱུང་རྗེས་འབར་མའི་མགོ་ཁྲིད་པ་མེན་ཨང་ལའེ་ཡིས་ཚེས་ཉེར་བརྒྱད་ཉིན་སྨྱན་བྱད་ལ་གཏམ་བཤད་སྤེལ་ཏེ། རྒྱལ་ཁབ་སོ་སོ་དང་རྩ་འཛུགས་སོ་སོ། མང་ཚོགས་བཅས་ཀྱིས་འབར་མའི་ས་ཡོམ་གནོད་ཐེབས་ས་ཁུལ་དུ་རོགས་སྐྱོར་བྱེད་རྒྱུའི་འབོད་སྐུལ་བཏང་།

ས་དེའི་ཚེས་ཉེར་དགུ་ཉིན་གྱི་སྔ་དྲོའི་དུས་ཚོད་བདུན་ཡས་མས་སུ། ཀྲུང་གོའི་ཡུན་ནན་རྒུད་སྐྱོབ་སྨན་བཅོས་རུ་ཁག་གི་མི་སོ་བདུན་གྱིས་བྱེད་ནུས་བཟང་བའི་ཚེ་སྲོག་འཚོལ་ཆས་དང་ས་ཡོམ་ཉེན་བརྡའི་མ་ལག ཁྱེར་བདེ་བའི་འཁོར་སྐར། མི་མེད་གནམ་གྲུ་སོགས་འཕྲལ་བསྟུན་རོགས་སྐྱོར་དངོས་རྫས་ཁྱེར་ནས་འབར་མའི་དབྱང་ཀོང་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར།

མཱ་ལེ་ཞི་ཡཱའི་ཙུང་ལི་དབྱེ་པུའུ་ལཱ་ཞིན་གྱིས་ཚེས28ཉིན་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ཁོས་འབར་མའི་དབུས་ཕྱོགས་ས་ཁུལ་དུ་ས་ཡོམ་དྲག་པོ་བྱུང་བར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་པ་དང་། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་འདོད་ཡོད་ཟེར།

ཧིན་རྡུ་ཉི་ཞི་ཡཱའི་ཙུང་ཐུང་སུའུ་པུས་ཡན་ཏའོ་ཡིས་འབར་མར་འཚམས་འདྲི་བྱས་པ་དང་། ཁོས་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོར་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཧིན་རྡུ་ཉི་ཞི་ཡཱ་ཡིས་དུས་ངེས་མེད་དུ་འབར་མའི་གནོད་ཐེབས་ས་ཁུལ་གྱི་སླར་གསོའི་བྱ་བར་དགོས་ངེས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པར་གྲ་སྒྲིག་བྱས་ཡོད་ཟེར།

སིང་ག་ཕོར་གྱི་ཙུང་ལི་ཧོང་ཞོན་ཚེ་ཡིས་ཚེས་ཉེར་བརྒྱད་ཉིན་དྲ་ཚིགས་བརྒྱུད་དེ་ས་ཡོམ་གྱི་ཤུགས་རྐྱེན་ཐེབས་པའི་མི་རྣམས་ལ་འཚམས་འདྲི་བྱས་པ་དང་། སིང་ག་ཕོར་གྱི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཞིག་གིས་བཤད་རྒྱུར། དམངས་སྲུང་དམག་དཔུང་གིས་གྲ་སྒྲིག་བྱས་ཡོད་ལ། རྒུད་སྐྱོབ་རུ་ཁག་མངག་གཏོང་བྱས་ནས་འབར་མ་ཕྱོགས་ཀྱིས་རྒུད་སྐྱོབ་གནོད་སྐྱོབ་བྱ་བ་སྤེལ་བར་རམ་འདེགས་བྱས་ཆོག་ལ། སིང་ག་ཕོར་རྒྱ་གྲམ་དམར་པོ་ཚོགས་པས་སིང་ག་ཕོར་གྱི་སྒོར་མོ་འབུམ་གཅིག་དང་ཁྲི་ལྔའི་རྒུད་སྐྱོབ་མ་དངུལ་འདོན་སྤྲོད་བྱེད་རྒྱུ་ཁས་ལེན་བྱས་ཡོད་ཟེར།

རྒྱ་གར་གྱི་ཙུང་ལི་མའོ་ཏིས་ཀྱིས་ཚེས་ཉེར་བརྒྱད་ཉིན་གནོད་ཐེབས་རྗེས་ཀྱི་གནས་བབ་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན་པ་དང་། རྒྱ་གར་གྱིས་དུས་ངེས་མེད་དུ་གང་ནུས་ཀྱི་རོགས་སྐྱོརའདོན་སྤྲོད་བྱེད་པར་གྲ་སྒྲིག་བྱས་ཡོད་ཟེར།

ཉེ་འཁོར་རྒྱལ་ཁབ་དག་ལས་གཞན་ཨ་མེ་རི་ཁ་དང་ཨོ་སི་ཁྲུ་ལི་ཡཱ། ནེའུ་ཙེ་ལན་རྒྱལ་ཁབ་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཀྱང་འབར་མ་ལ་འཚམས་འདྲི་བྱས་པ་དང་། དེའི་ནང་རྒྱལ་ཁབ་སྐོར་ཞིག་གིས་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུའི་ཚུལ་བསྟན།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་ཉེར་བརྒྱད་ཉིན་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཁོངས་གཏོགས་ཀྱིས་སྟོབས་ཤུགས་སྐུལ་སློང་བྱས་ནས་ས་ཡོམ་གྱི་གནོད་པ་ཐེབས་པའི་ཨེ་ཤ་ཡཱ་ཤར་ལྷོའི་མང་ཚོགས་ལ་འདོན་སྐྱོར་འདོན་སྤྲོད་བྱེད་བཞིན་ཡོད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པའམ་བྲེལ་མྱུར་རོགས་སྐྱོར་མཐུན་སྦྱོར་པ་ཧྥོ་ལའེ་ཁྲེ་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཀྲུང་དབྱང་འཕྲལ་བསྟུན་ཐེབས་རྩའི་ཁྲོད་ནས་མེ་སྒོར་ས་ཡ་ལྔ་བཏང་ནས་གནོད་ཐེབས་རྗེས་ཀྱི་རྒུད་སྐྱོབ་བྱ་བར་རྒྱབ་སྐྱོར་བྱེད་པའི་ཐད་བཀོལ་རྒྱུ་ཡིན་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གི་དཔོན་པོ་མཱ་ཞིག་གིས་བཤད་རྒྱུར། ལས་ཁུངས་དེའི་མཛོད་ཁང་དུ་ཟས་རིགས་སྣ་ཚོགས་ཡོད་པ་དང་། དུས་ངེས་མེད་དུ་དགོས་མཁོ་ལྟར་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་མགྲིན་ཚབ་པ་ཧཱ་ལི་སི་ཡིས་ཚེས་ཉེར་བརྒྱད་ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། འབར་མའི་ས་ཡོམ་ཆེན་མོ་ལས་མི་སྣར་ཤི་རྨས་ཚབས་ཆེན་བཟོས་ཏེ། ཚེ་སྲོག་དང་བདེ་ཐང་ལ་འཇིགས་ཉེན་ཆེན་པོ་བཟོ་སྲིད་པར་དམིགས་ནས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སུའེ་ཙེར་གྱི་རི་ནེ་ཝའི་སྤྱི་ཁྱབ་པུའུ་ནས་ས་ཡོམ་རྒུད་སྐྱོབ་བྱ་བར་མཐུན་སྦྱོར་བྱས་ཡོད་ཟེར།

ཧཱ་ལི་སི་ཡིས་བཤད་རྒྱུར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཏིས་པེད་ན་ཡོད་པའི་དངོས་སྐྱེལ་ལྟེ་གནས་བེད་སྤྱད་དེ། གཙོ་བོ་རྨས་མའི་གསོ་བཅོས་སྒྲིག་ཆས་དང་ཕྱིའི་ཡན་ལག་གཏན་འཁེལ་བྱེད་པའི་སྒྲོམ་གཞི་སོགས་སྨན་བཅོས་དངོས་རྫས་སྐྱེལ་འདྲེན་བྱས་པ་དང་། རྒྱུ་མཚན་ནི་ང་ཚོས་ཚོད་དཔག་བྱས་ན་གཞི་་རྒྱ་ཆེ་བའི་རྨས་མར་གསོ་བཅོས་བྱེད་དགོས་ཡོད་པས་ཡིན་ཟེར།

ཁོ་མོས་ད་རུང་བསྟན་དོན། འབར་མའི་སྨན་བཅོས་འཕྲོད་བསྟེན་མ་ལག་ལག་ས་ཡོན་ཁྲོད་གཏོར་བརླག་ཐེབས་ཡོད་པར་བསམ་བློ་བཏང་སྟེ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ད་རུང་རྨང་གཞིའི་སྨན་རྫས་ཀྱི་མཁོ་འདོན་ལ་འགན་སྲུང་བྱེད་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།