ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས2ཉིན་བཤད་རྒྱུར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཞི་བའི་སྒོ་ནས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་གནས་བབ་ཐག་གཅོད་བྱེད་འདོད་ཡོད་ཀྱང་། ཝུའུ་ཁི་ལན་ཕྱོགས་ཀྱིས་རེ་འདུན་དེ་འདྲ་བསྟན་མེད་ཟེར།
ཕའེ་སི་ཁི་ཧྥུའུ་ཡིས་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཙུང་ཐུང་ཕུའུ་ཅིན་གྱིས་སྔར་བཞིན་ཞི་བའི་གྲོས་མོལ་བྱེད་པ་དང་། ཆབ་སྲིད་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་གནད་དོན་ཐག་གཅོད་བྱེད་པར་སྒོ་འབྱེད་ཀྱི་རྣམ་འགྱུར་བཟུང་ཡོད་ཟེར།
ཁོས་བཤད་རྒྱུར། ཨུ་རུ་སི་དང་ཨ་མེ་རི་ཁས་གྲོས་མཐུན་བཀོད་དེ། ཨུ་རུ་སི་དང་ཝུའུ་ཁི་ལན་བར་ནུས་ཁུངས་རྨང་གཞིའི་སྒྲིག་ཆས་ལ་ཆམ་ཕབ་གཏོང་མཚམས་འཇོག་པར་འཐད་པ་བྱུང་ཡོད་ཟེར།
ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས2ཉིན་གསལ་སྒྲོག་སྤེལ་ཏེ། འདས་པའི་དུས་ཚོད24རིང་ལ། ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་གིས་ཐེངས་གཉིས་ལ་བསམ་བཞིན་དུ་ཨུ་རུ་སིའི་ནུས་ཁུངས་རྨང་གཞིའི་སྒྲིག་ཆས་ལ་འཇབ་རྒོལ་བྱས་ཏེ། ཁུའུ་ཨར་སི་ཁི་ས་ཁུལ་གྱི་ཁྱིམ་ཚང་སྟོང་ལྷག་ལ་གློག་ཆད་དུ་བཅུག་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།