མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་རྒུད་སྐྱོབ་རླངས་འཁོར་རུ་ཁག་ལ་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་།
2025.04.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཆེད་དོན་པ་ཐུའུ་ཨར་ཁི་ཡིས་ཟླ4བའི་ཚེས1ཉིན་དབྱི་སི་རལ་གྱི་དམག་དཔུང་གིས་ཟླ3པའི་ཚེས23ཉིན་ཅཱ་ཧྲའི་རྒུད་སྐྱོབ་རླངས་འཁོར་རུ་ཁག་ལ་འཇབ་རྒོལ་བྱས་པར་རྒོལ་གཏམ་དྲག་པོ་བཏང་བ་དང་། དོན་དེའི་ཐད་ནས་སྒེར་ཚུགས་དང་མགྱོགས་མྱུར་ངང་རྟོག་ཞིབ་གསལ་བོ་བྱེད་དགོས་པའི་རེ་བ་བཏོན།

ཐུའུ་ཨར་ཁི་ཡིས་ཉིན་དེར་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེ་ལས་ཅཱ་ཧྲ་ས་ཁུལ་གྱི་སྨན་བཅོས་མི་སྣ་དང་མི་ཆོས་རིང་ལུགས་ཀྱི་ལས་བྱེད་མི་སྣ15རྐྱེན་ལམ་དུ་ཤོར་ཡོད། འདས་པོའི་བེམ་པོ་དག་མི་རྣམས་ཀྱིས་ས་འོག་ཏུ་བསྡུས་པའི་རླངས་འཁོར་གྱི་ཉེ་འདབས་ནས་རྙེད་པས་ཚང་མའི་སེམས་པ་མི་བདེར་གཏད་ཡོད་ཟེར།

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་ལྟར་ན། སྨན་བཅོས་མི་སྣ་དང་མི་ཆོས་རིང་ལུགས་སམ་འཕྲལ་བསྟུན་བྱ་བ་བྱེད་མཁན་དག་ལ་ངེས་པར་དུ་འཁྲུག་རྩོད་ཕྱོགས་ཁག་སོ་སོས་སྲུང་སྐཡོབ་བྱེད་དགོས། དེའི་ཞོར་དུ་དབྱི་སི་རལ་བཙན་བཟུང་མཁན་ཡིན་པའི་ཆ་ནས། མི་སེར་དཀྱུས་མ་དང་ཁོ་ཚོར་སྨན་བཅོས་ཞབས་ཞུ་སོགས་འདུས་པའི་གཞི་རྩའི་འཚོ་བའི་འགན་སྲུང་འདོན་སྤྲོད་བྱེད་མཁན་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཐིན་གྱི་ཕཱ་ལེ་སི་ཐན་གྱི་བཙན་བཟུང་བྱས་པའི་ས་ཁོངས་སུ་སྡོད་པའི་དོན་གཅོད་ཁང་གི་ཀྲུའུ་རིན་ཆའོ་ནཱ་སིན་ཧོས་ཐའོ་ཨར་གྱིས་ཟླ3པའི་ཚེས30ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ལཱ་ཧྥ་རུ་དཔུང་འཇུག་བྱེད་སྐབས། ཕཱ་ལེ་སི་ཐན་གྱི་ཟླ་གསར་དམར་པོའི་ཚོགས་པའི་མི་བཅུ་དང་དམངས་སྲུང་སྡེ་ཁག་གི་མྱུར་སྐྱོབ་མི་སྣ་དྲུག་རྨས་མ་སྐྱོབ་ཏུ་མངག མྱུར་སྐྱོབ་རླངས་འཁོར་ལྔ་དང་མེ་གསོད་རླངས་འཁོར་གཅིག དེ་མིན་རྗེས་སུ་འབྱོར་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རླངས་འཁོར་གཅིག་བཅའ་ལ་འཇབ་རྒོལ་ཐེབས་ནས། མི་ཚང་མར་འབྲེལ་ཐག་ཆད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།