ཚེས3ཉིན་ཝུའུ་ཁི་ལན་གྱི་ཕྱི་འབྲེལ་པུའུ་ཀྲང་སེ་པི་ཅ་ཡིས་ཉིན་དེར་ཁོས་པིས་ལི་ཧྲིའི་པུའུ་ལུའུ་སེ་ཨར་དུ་ཡོད་པའི་བྱང་ཆིངས་སྤྱི་ཁྱབ་པུའུ་རུ་ཨ་རིའི་རྒྱལ་དོན་བློན་ཆེན་ལུའུ་པི་ཨའོ་དང་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་ཝུའུ་ཁི་ལན་ དང་ཨུ་རུ་སུའི་དམག་འཁྲུག་མཚམས་འཇོག་རྒྱུ་དང་ཝུའུ་ཁི་ལན་དང་ཨ་རིའི་གཏེར་རྫས་མཉམ་ལས་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས་པ་རེད།
སེ་པི་ཅ་ཡིས་དགོང་མོ་དེར་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ནས་བཤད་རྒྱུར། ཁོས་ཝུའུ་ཁི་ལན་ཕྱོགས་ཀྱིས་ཞི་བདེའི་འབད་བརྩོན་ཐད་བློ་བརྟན་འགྱུར་མེད་ཀྱི་ཁས་ལེན་བསྐྱར་བསྒྲགས་བྱས་པ་མ་ཟད། ཨ་རི་ཕྱོགས་ཀྱིས་གནད་དོན་དེའི་ཐད“མགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པའི”ཐད་དགའ་བསུ་ཞུས་པ་དང་། ཝུའུ་ཁི་ལན་ཕྱོགས་ཀྱིས“ཞི་བདེའི་ཐད་མཐའ་གཅིག་ཏུ་འབད་བརྩོན་བྱས་པར་མ་ཟད། ཆ་རྐྱེན་ཅི་ཡང་མེད་པར་གོ་རིམ་ཞིབ་ཕྲ་སྤྱད་དེ་ཞི་བདེ་མངོན་འགྱུར་བྱས་ཡོད”ཅེས་བཤད། སེ་པི་ཅ་ཡིས་ཝུའུ་ཁི་ལན་ཕྱོགས་ཀྱིས་ཨ་རི་ཕྱོགས་དང་གཉིས་ཕན་མ་འཇོག་དང་གཏེར་ཁའི་ཐོན་ཁུངས་ཐད་མཉམ་ལས་བྱེད་འདོད་ཡོད་ཅེས་བཤད། ཕྱོགས་གཉིས་ཀྱིས་ད་དུང་ཝུའུ་ཁི་ལན་དང་ཨ་རིའི་བར་ཐེངས་རྗེས་མར་འབྲེལ་གཏུག་བྱ་རྒྱུའི་ཐད་གྲོས་བསྡུར་བྱས་པ་རེད།
གཞན་ཡང་ཝུའུ་ཁི་ལན་སྨྱན་བྱད་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཝུའུ་ཁི་ལན་གྱི་འཐུས་ཚབ་ཚོགས་པས་གཟའ་འཁོར་འདིར་ཨ་རིར་འཚམས་འདྲི་བྱས་ནས་ཨ་རི་ཕྱོགས་དང་གཏེར་ཁའི་གྲོས་མཐུན་པར་གཞི་གསར་པའི་ཐད་གྲོས་མོལ་བྱེད་སྲིད་ཟེར།
ཟླ2པའི་ཚེས28ཉིན་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལན་སི་ཅི་ཨ་རིའི་ཕོ་བྲང་དཀར་པོར་འཚམས་འདྲིར་སོང་བར་མ་ཟད།ཨ་རིའི་ཙུང་ཐུང་ཐི་ལིང་ཕུའུ་དང་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་བར་ཁ་རྩོད་དྲག་པོ་བྱུང་ནས་ཨ་རི་དང་ཝུའུ་ཁི་ལན་གྱི་གཏེར་རྫས་གྲོས་མཐུན་ལ་མིང་རྟགས་བཀོད་མེད། དེའི་རྗེས་ཨ་རི་དང་ཝུའུ་ཁི་ལན་གྱི་འཐུས་མིས་སོ་ཏི་ཨ་རབ་ཏུ་གྲོས་མོལ་ཐེངས་མང་བྱས། ཟླ3པའི་ཚེས28ཉིན་ཙེ་ལན་སི་ཅི་ཡིས་ཝུའུ་ཁི་ལན་ཕྱོགས་ལ་ཝུའུ་ཁི་ལན་དང་ཨ་རིའི་གཏེར་ཐོན་གྲོས་མཐུན་ཇུས་གཞི་གསར་པ་འབྱོར་བ་དེ་པར་གཞི་གོང་མ་དང“གཏན་ནས་མི་འདྲ”བ་རེད་ཅེས་བཤད། ཟླ4བའི་ཚེས1ཉིན་སེ་པི་ཅ་ཡིས་ ཝུའུ་ཁི་ལན་གྱིས་ཨ་རི་དང་གཏེར་ཐོན་གསར་པའི་གྲོས་མཐུན་ཐད་གྲོས་མོལ་བྱེད་མགོ་བརྩམས་ནས་ཝུའུ་ཁི་ལན་ཕྱོགས་ཀྱིས་ཕྱོགས་གཉིས་ཀྱིས་དང་ལེན་བྱེད་ཐུབ་པའི་གྲོས་མཐུན་ཞིག་འཇོག་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་ཅེས་བཤད།
གཡང་འབུམ་རྒྱལ་གྱིས་བསྒྱུར།