ཚེས2ཉིན་ཨ་རིའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་“འདྲ་མཚུངས་སྒོ་ཁྲལ”ཞེས་པ་སྐོར་གྱི་སྲིད་འཛིན་བཀའ་རྒྱར་མིང་རྟགས་བཀོད་ནས་ཨ་རིས་ཚོང་དོན་རོགས་ཟླའི“ཚད་གཞི་དམའ་ཤོས་ཀྱི་སྒོ་ཁྲལ་”10%ཁ་སྣོན་བྱས་པ་དང་། ཚོང་དོན་རོགས་ཟླ་ཁག་ཅིག་ལ་སྒོ་ཁྲལ་དེ་ལས་མཐོ་བ་བསྡུ་རྒྱུ་ཁྱབ་བསྒྲགས་བྱས།
ཕོ་བྲང་དཀར་པོས་ཁྱབ་བསྒྲགས་བྱས་པའི་ཡིག་ཆ་ལས་མངོན་པ་ལྟར་ན། ཚོང་དོན་རོགས་ཟླ་ཚང་མར་དམིགས་ནས་ཁ་སྣོན་བྱས་པའི་སྒོ་ཁྲལ10%ཚེས5ཉིན་ནས་བཟུང་ནུས་ལྡན་དུ་འགྱུར་རྒྱུ་རེད། གཞན་ཡང་ཐི་ལིང་ཕུའུ་ཡིས་ཨ་རི་དང་ཚོང་དོན་གཏོང་ཉུང་འདྲེན་མང་ཆེ་ཤོས་ཀྱི་རྒྱལ་ཁབ་དང་ས་ཁུལ་ལ“འདྲ་མཚུངས་སྒོ་ཁྲལ”མི་འདྲ་བ་དང་དེ་ལས་མཐོ་བ་བསྡུ་རྒྱུ་ཡིན་པ་དང་། བྱེད་ཐབས་དེ་དག་ཚེས9ཉིན་ནས་བཟུང་ནུས་ལྡན་དུ་འགྱུར་རྒྱུ་རེད། ཡིག་ཆའི་ནང་དུ་ད་དུང་ཐི་ལིང་ཕུའུ་ཡིས“བཟོ་བཅོས་རྒྱག་དབང”ཡོད་པས་གནས་ཚུལ་ལ་གཞིགས་ནས་སྒོ་ཁྲལ་མཐོ་རུ་གཏོང་བའམ་ཡང་ན་དམའ་རུ་གཏོང་ཆོག་ཅེས་འཁོད་ཡོད།
གཞན་ཡང་ཕོ་བྲང་དཀར་པོས་ད་དུང་ངར་ལྕགས་དང་ཧ་ཡང་གི་སྒོ་ཁྲལ་དང་། རླངས་འཁོར་གྱི་སྒོ་ཁྲལ་ལ་ཐོན་རྫས་ཀྱི“འདྲ་མཚུངས་སྒོ་ཁྲལ་”སྤྱོད་མི་རུང་བ་དང་། ཟངས་དང་སྨན་རྫས།འདྲེན་གཟུགས། ཤིང་ཆ་སོགས་ལ་ཡང་“འདྲ་མཚུངས་སྒོ་ཁྲལ་”སྤྱོད་མི་ཆོག་པ་བསྟན་ཡོད།
ཐི་ལིང་ཕུའུ་ཡིས་ཕོ་བྲང་དཀར་པོ་རུ་གཏམ་བཤད་སྤེལ་སྐབས་སུ་“འདྲ་མཚུངས་སྒོ་ཁྲལ་”སྐོར་གྱི་རེའུ་མིག་ཞིག་ལས་མངོན་པ་ལྟར་ན། རྒྱལ་ཁབ་དང་ས་ཁུལ་མི་འདྲ་བར་སྒོ་ཁྲལ་གྱི་ཁྲལ་ཚད་མི་འདྲ་བ་འཕྲད་ཡོད། དེའི་ནང་ཁམ་ཕུ་ཁྲེ་དང་ཡའོ་ནན་རྒྱལ་ཁབ་གཉིས་ལ་སོ་སོར49%དང46%གྱི་སྒོ་ཁྲལ་གྱི་ཁྲལ་བསྡུ་རྒྱུ་དང་། ཡོ་རོབ་མནའ་འབྲེལ་དང་འཇར་པན། མ་ལེ་ཞི་ཡ། ཧན་གོ། རྒྱ་གར།འེ་ཙེར། ཧིན་རྡུ་ཉི་ཞི་ཡ། ཀྲུང་གོ། ཐེ་གོ་སོགས་ལ20%ནས་36%བར་གྱི་སྒོ་ཁྲལ་གྱི་ཁྲལ་ཚད་བསྡུ་རྒྱུ་རེད།
ཐི་ལིང་ཕུའུ་ཡིས་ད་དུང་ཚོང་དོན་རོགས་ཟླ་ཁག་ཅིག་གིས་ཨ་རིར་སྒོ་ཁྲལ་བསྡུས་པ་ཕུད། ད་དུང་སྒོ་ཁྲལ་མིན་པའི་བཀག་རྒྱ་ལག་བསྟར་བྱས་པ་དཔེར་ན། དངུལ་བརྗེས་འཛའ་ཐང་ཚོད་འཛིན་སོགས་ལ་སྐྱོན་བརྗོད་བྱས་པ་དང་། དེ་དག་ཚང་མ“འདྲ་མཚུངས་སྒོ་ཁྲལ”ཁྲོད་མངོན་ཡོད་ཅེས་བཤད་པ་རེད།
ཐི་ལིང་ཕུའུ་ཡིས་སྒོ་ཁྲལ་ཁ་སྣོན་བྱས་ན་ཨ་རིའི་སྲིད་གཞུང་ལ་ཡོང་འབབ་ཡོད་པ་དང་། ཨ་རིའི་བཟོ་སྐྲུན་ལས་རིགས་དར་རྒྱས་ཡོང་བར་ཕན་ཐོགས་ཡོད་ཅེས་བཤད་མོད། འོན་ཀྱང་དཔལ་འབྱོར་རིག་པ་བ་དང་ཚོང་དོན་ལས་རིགས་མི་སྣས་སྒོ་ཁྲལ་བྱེད་ཐབས་གསར་པ་དེ་དག་གིས་དངོས་ཟོག་གི་གོང་མཐོ་རུ་བཏང་ནས་ཨ་རིའི་འཛད་སྤྱོད་པ་དང་ཁེ་ལས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བ་དང་། གོ་ལ་ཧྲིལ་པོའི་ཉོ་ཚོང་ཐད་ཟིང་ཟིང་བཟོ་བ། གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ལ་ཕན་པ་མེད་པ་བཅས་ཀྱི་ཉེན་བརྡ་བཏང་ཡོད། མིག་སྔར་ཨ་རིའི་ཚོང་དོན་རོགས་ཟླ་མང་པོ་ཞིག་གིས་ངོ་རྒོལ་གྱི་བྱེད་ཐབས་སྤྱོད་རྒྱུ་ཡིན་ཞེས་བཤད།
ཨ་རིའི་པིས་ཏི་སིན་རྒྱལ་སྤྱིའི་དཔལ་འབྱོར་ཞིབ་འཇུག་སུའུ་ཡི་མཐོ་རིམ་ཞིབ་འཇུག་པ་དང་། ནོར་སྲིད་པུའུ་ཡི་དཔོན་རིགས་ཟུར་པ་ཅ་ལི·ཧོ་ཧྥུ་པའོ་ཨེར་གྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཐི་ལིང་ཕུའུ་སྲིད་གཞུང་གིས་ཚོང་དོན་རོགས་ཟླར་སྐྱོན་འཛུགས་བྱས་པར་གཞི་འཛིན་ས་གང་ཡང་མེད་པ་དང“རྦད་དེ་རྫུན་བཟོ་ཞིག་རེད”ཅེས་བཤད་པ་རེད།“འདྲ་མཚུངས་སྒོ་ཁྲལ”གྱི་བྱེད་སྟངས་ཐལ་དྲགས་པས། ལག་བསྟར་བྱས་རྗེས་ཨ་རིས་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བ་ལས་གཡོལ་དཀའ་བ་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་སྣོན་འབྱུང་ཚད་ཉུང་མཐར་ཡང་བརྒྱ་ཆའི་གྲངས་ཐིག1གིས་ཇེ་དལ་དུ་འགྲོ་རྒྱུ་རེད་ཟེར།
གཡང་འབུམ་རྒྱལ་གྱིས་བསྒྱུར།