མ་སི་ཁི་ཡིས་མི་འགྱངས་པར་སྲིད་གཞུང་གི་ལས་ཕྱོད་པུའུ་ཡི་ལས་གནས་འཁུར་རྒྱུ་མིན་ཚུལ་དེ་ནི“གསར་འགྱུར་རྫུན་མ”ཞིག་རེད།
2025.04.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས2ཉིན་ཨ་རིའི་ཁེ་ལས་མཁས་ཅན་ཨའེ་ལུན·མ་སི་ཁེ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་བརྒྱུད་ནས་མི་འགྱངས་པར་ཁོས་ཨ་རིའི་སྲིད་གཞུང་གི་ལས་ཕྱོད་པུའུ་ཡི་ལས་འགན་འཁུར་རྒྱུ་མིན་པའི་དགོངས་ཞུ་བྱ་རྒྱུའི་སྐོར་གྱི་གནས་ཚུལ་དེ་ནི“གསར་འགྱུར་རྫུན་མ་ཞིག་རེད”ཅེས་བཤད།

ཨ་རིའི་ཕོ་བྲང་དཀར་པོའི་གསར་འགྱུར་དྲུང་ཡིག་ལའེ་ཝེ་ཐི་ཡིས་ཉིན་དེར་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་སྟེང་མ་སི་ཁི་ཡི་ལས་ཁུར་དགོངས་ཞུའི་སྐོར་གྱི་གནས་ཚུལ་སྤེལ་སྐབས། “ གསར་འགྱུར་དེ་ནི་གད་སྙིགས”ལྟ་བུ་རེད་ཅེས་བཤད།

དེའི་རྗེས་སུ་མ་སི་ཁི་ཡིས་ལའེ་ཝེ་ཐི་ཡི་སྦྱར་ཡིག་བརྒྱུད་བསྐུར་བྱས་ནས། དེ་ནི་“གསར་འགྱུར་རྫུན་མ་ཞིག་རེད”ཅེས་བཤད།

ལའེ་ཝེ་ཐི་ཡིས་སྦྱར་ཡིག་ནང་བརྒྱུད་སྤེལ་བྱས་པ་ནི། ཨ་རིའི《ཆབ་སྲིད་ཚགས་པར》གྱིས་ཉིན་དེའི་སྔ་ཙམ་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་དེ་རེད། གནས་ཚུལ་དེའི་ནང་ཐི་ལིང་ཕུའུ་ཡིས་ཁོའི་ལྟེ་བའི་ཁྱབ་ཁོངས་དང་ནང་བློན་ཁང་གི་ཁོངས་མི་ལ་མ་སི་ཁི་ཡིས་མ་འོངས་པའི་གཟའ་འཁོར་འགའི་ནང་སྲིད་གཞུང་གི་ལས་ཕྱོད་པུའུ་ཡི་ད་ཡོད་ཀྱི་ལས་གནས་དགོངས་ཞུ་བྱ་རྒྱུ་རེད་ཅེས་བཤད་ཡོད། ཐི་ལིང་ཕུའུ་མ་སི་ཁི་ཡི་སྲིད་གཞུང་གི་ལས་ཕྱོད་པུའུ་ཡི་བྱ་བར་བློ་ཡིད་ཚིམ་ཡོད་མོད།འོན་ཀྱང་ཁོ་གཉིས་ཀྱིས་ཉེ་བའི་ཉིན་འགའི་ནང་མ་སི་ཁི་མྱུར་དུ་ཁེ་ལས་སུ་ཕྱིར་ལོག་བྱ་དགོས་པར་ཐག་བཅད་ཡོད་པ་རེད།

གནས་ཚུལ་དེའི་ནང་ད་དུང་བཤད་རྒྱུར།  ཟླ་བ་གཅིག་གི་སྔོན་དང་བསྡུར་ན་ཐི་ལིང་ཕུའུ་དང་མ་སི་ཁི་བར་གྱི་འབྲེལ་བར་འགྱུར་ལྡོག་བྱུང་ཡོད་ཅེས་འཁོད་ཡོད། ཟླ་བ་གཅིག་གི་སྔོན་དུ་ཕོ་བྲང་དཀར་པོའི་དཔོན་རིགས་ཀྱིས་མ་སི་ཁི་འདུག་རྒྱུ་དང་། ཐི་ལིང་ཕུའུ་ཡིས་འབྲེལ་ཡོད“དམིགས་བསལ་སྲིད་གཞུང་གི་གདན་ཞུའི”ཞབས་ཞུའི་དུས་ཡུན་ཉིན130ལས་བརྒལ་མི་རུང་བའི་ཚད་བཀག་ལས་བརྒལ་བའི་བྱེད་ཐབས་བཙལ་རྒྱུ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།

ཨ་རིའི་སྨྱན་བྱད་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས“དམིགས་བསལ་སྲིད་གཞུང་གིས་གདན་ཞུ”བྱས་པའི་མ་སི་ཁི་ཡི་ཞབས་ཞུའི་དུས་ཚོད་ལོ་གཅིག་གི་ནང་དུ་ཉིན130ལས་བརྒལ་མི་ཆོག དེའི་སྟེང་ནས་ཟླ1པོའི་ཚེས20ཉིན་ནས་བརྩིས་ཚེ་མ་སི་ཁི་ཡི་འགན་ཡུན་ཆེས་འཕྱི་ནའང་ཟླ5པའི་ཟླ་མཇུག་ཏུ་མཇུག་བསྒྲིལ་དགོས་པ་མཚོན་ཡོད། གལ་ཏེ་ལས་ཀའི་ཉིན་ཁོ་ན་རྩིས་ན། འགན་འཁུར་ཡུན་འཕྱི་ཤོས་དེ་ཡང་ཟླ7པར་མཇུག་བསྒྲིལ་དགོས་པ་རེད།

མ་སི་ཁི་ནི་ཐི་ལིང་ཕུའུ་ཡི་མཛའ་གྲོགས་སུ་བརྩིས་ནས་སྐབས་གསར་པའི་ཨ་རིའི་སྲིད་གཞུང་ཁྲོད་སྲིད་གཞུང་གི་ལས་ཕྱོད་པུའུ་ལ་མགོ་ཁྲིད་བྱས་ཏེ། ཐི་ལིང་ཕུའུ་ལ་རྒྱལ་ཕྲན་མཉམ་འབྲེལ་གྱི་འགྲོ་སོང་ཆེས་ཆེར་ཇེ་ཉུང་དུ་གཏོང་བ་དང་རྒྱལ་ཕྲན་མཉམ་འབྲེལ་གྱི་གླ་བའི་གཞི་ཁྱོན་ཇེ་ཉུང་ཆུང་དུ་གཏོང་བར་རོགས་རམ་བྱེད་ཀྱི་ཡོད། ལའེ་ཝའེ་ཐི་ཡིས་མ་སི་ཁི་ལ་པུའུ་ཀྲང་གི་ལས་གནས་སམ་ཡང་ན་ཇུས་ཐག་གཅོད་པའི་དབང་ཆ་དངོས་སུ་མེད་མོད། འོན་ཀྱང་ཁོ་ནི“དམིགས་བསལ་སྲིད་གཞུང་གི་གདན་ཞུ”དང“ཙུང་ཐུང་གི་མཐོ་རིམ་བློ་འདྲི་བ”ཞིག་ཡིན་ཞེས་བཤད། ཨ་རིའི་གླེང་ཕྱོགས་ཀྱིས་ཡོངས་ཁྱབ་ཏུ་མ་སི་ཁི་ནི་སྲིད་གཞུང་གི་ལས་ཕྱོད་པུའུ་ཡི་དོན་དངོས་ཀྱི་འགན་འཁུར་བ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།

གཡང་འབུམ་རྒྱལ་གྱིས་བསྒྱུར།