ཧྥེ་ལི་ཕིན་གྱི་རྒྱལ་ས་མ་ཉི་ལའི་བྱང་རྒྱུད་དུ་ཕྱིར་སྡོད་རང་མིའི་དབྱི་ཧྲན་སྤྱི་པའི་བང་སོ་ལྗང་མདོག་གིས་ཁེངས་འདུག་ཅིང་། གནས་དེ་རུ་ཧྥེ་ལི་ཕིན་གྱི་ཕྱིར་སྡོད་རང་མིའི་འཇར་འགོག་དཔའ་བོའི་བང་སོ་ཡོད།
དུར་མཆོད་དུས་ཆེན་གྱི་སྔོན་དུ། འཛམ་གླིང་འཁྲུག་ཆེན་གཉིས་པའི་གནས་ཚུལ་དངོས་སུ་མཐོང་མྱོང་མཁན་དང་། ཧྥེ་ལི་ཕིན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁང་གི་ཕྱི་འབྲེལ་དཔོན་པོ། དེ་མིན་ས་གནས་དེའི་ཕྱིར་སྡོད་རང་མི་དང་ཀྲུང་གོ་བའི་འཐུས་མི་བཅས་གནས་དེར་སོང་ནས་དཔའ་བོའི་སྙིང་སྟོབས་མཚོན་པའི་དྲན་གསོའི་ཁང་དང་དྲན་གསོའི་རྡོ་རིང་རེ་རེ་བཞིན་དུ་མེ་ཏོག་ཕུལ་བ་དང་གུས་འདུད་ཞུས་ནས་འཇར་འགོག་དཔའ་བོ་རྣམས་ལ་དྲན་གསོ་ཞུས།
མཆོད་འབུལ་བྱེད་པའི་མི་ཚོགས་ཁྲོད། འཁོར་སྟེགས་སྟེང་དུ་བསྡད་ཡོད་པའི་རྒན་པོ་ཞིག་ལ་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱས་སོང་། རྒན་པོ་དེས“ཧྥེ་ལི་ཕིན་གྱི་ཕྱིར་སྡོད་རང་མིའི་འཇར་འགོག་དཔའ་བོའི་དྲན་གསོའི་རྡོ་རིང”ཞེས་པའི་ཡི་གེ་དམར་པོ་འགའ་ལ་བལྟས་ནས་མིག་མདངས་སྐྱོ་སྣང་དང་གཟབ་ནན་གྱིས་ཁེངས། ཁོའི་མིང་ལ་ཝང་ཀྲིན་ལིས་ཟེར། ཁོ་ནི་སྔོན་ཆད་ཧྥེ་ལི་ཕིན་དུ་སྡོད་པའི་ཕྱིར་སྡོད་རང་མིས་རྩ་འཛུགས་བྱས་པའི་ཧྥེ་ལི་ཕིན་གྱི་ཕྱིར་སྡོད་རང་མིའི་འཇར་འགོག་ངེས་མེད་རྒོལ་རྡུང་ཡན་ལག་རུ་ཁག་གི་འཐབ་འཛིང་པ་ཞིག་ཡིན་ལ་ད་ལྟ་ལོ་བརྒྱ་ལས་བརྒལ་ཡོད།
འཐབ་འཛིང་པ་རྒན་པ་གཞན་ཞིག་སྟེ། ད་ལོ་ལོ95ལ་སླེབས་པའི་ལིའུ་ཧྲའེ་ཡ་ལོ་རེ་བཞིན་དུར་མཆོད་དུས་ཆེན་སྐབས་སུ་གནས་འདིར་ཡོང་ནས། སྔོན་ཆད་རང་སྲོག་བློས་བཏང་པའི་འཐབ་གྲོགས་རྣམས་ལ་མཆོད་འབུལ་བྱེད་ཀྱི་ཡོད་པ་དང་ད་ལོ་ཡང་དེ་བཞིན་རེད། “འདིར་ཡོང་ཐེངས་རེར་ངའི་སེམས་ཁམས་ཧ་ཅང་ལྕི་མོ་འདུག ངས་དེ་སྔོན་འཇར་པན་ལ་དམག་འཐབ་བྱེད་སྐབས་རང་སྲོག་བློས་བཏང་བའི་འཐབ་གྲོགས་རྣམས་ལ་ངས་ཁྱེད་ཚོ་བརྗེད་མི་སྲིད། དེ་རིང་ཞི་བདེའི་ཁོར་ཡུག་འོག་འཚོ་བ་རོལ་བཞིན་པའི་མི་རྣམས་ཀྱིས་ཀྱང་ཁྱེད་ཚོ་བརྗེད་མི་སྲིད”ཅེས་བཤད་འདོད་ཟེར།
འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་སུ། 1942ལོར་འཇར་པན་གྱི་དམག་དཔུང་གིས་ཧྥེ་ལི་ཕིན་བཙན་བཟུང་བྱས་པ་དང་།“ཧྭ་ཀྲི”སོགས་དྲག་ཆས་དམག་དཔུང་གིས་འཇར་པན་གྱི་དམག་དཔུང་དང་ངེས་མེད་རྒོལ་རྡུང་དམག་འཁྲུག་བརྒྱབ་སྟེ། འཇར་པན་བཙན་རྒྱལ་རིང་ལུགས་ལས་རྒྱལ་བར་བྱས་རྗེས་བཞག་ཡོད། ཧྥེ་ལི་ཕིན་དུ་སྡོད་པའི་ཕྱིར་སྡོད་རང་མིའི་འཇར་འགོག་དཔའ་བོའི་མི་ཉམས་པའི་བྱས་རྗེས་ལ་དྲན་གསོ་བྱེད་ཆེད། ཧྥེ་ལི་ཕིན་དུ་ཡོད་པའི་ཕྱིར་སྡོད་རང་མིའི་དབྱི་ཧྲན་སྤྱི་པའི་བང་སོ་རུ་དྲན་གསོའི་རྡོ་རིང་དང་དྲན་གསོ་ཁང་བཙུགས་པ་རེད།
ཧྥེ་ལི་ཕིན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཧོང་ཞིས་ལན་གྱིས་བཤད་རྒྱུར། ད་ལོ་ནི་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བའི་ལོ་རེད། ལོ་རྒྱུས་ཀྱི་དྲན་ཤེས་ལྕི་བའི་དུས་སྐབས་འདིར། མེས་པོ་རྣམས་ཀྱི་དཔའ་བོའི་རྣམ་ཤེས་ལ་མཆོད་འབུལ་བྱེད་པ་ལ་དེ་ལས་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་ཟེར།
ད་ལྟ་ལོ་རྒྱུས་ཀྱི་དུ་སྤྲིན་སྔ་མོ་ནས་ཡལ་བར་གྱུར་མོད། འོན་ཀྱང་ཕྱིར་སྡོད་རང་མིའི་འཇར་འགོག་དཔའ་བོ་རྣམས་ཀྱི་བྱས་རྗེས་མི་རབས་གྲངས་མེད་ཀྱི་དྲན་ཤེས་སུ་སིམ་ཡོད། ཧྥེ་ལི་ཕིན་གྱི“ཧྭ་ཀྲིའི”མི་རྒྱུད་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་ལིས་ཞང་ཀྲའོ་ཡིས་བཤད་རྒྱུར། “མེས་པོ་རྣམས་ཀྱིས་དཔའ་བའི་ལོ་རྒྱུས་ཀྱི་ལེའུ་བྲིས་པར་མ་ཟད། ཧྥེ་ལི་ཕིན་གྱི་མི་དམངས་དང་མཛའ་བརྩེ་ཟབ་མོ་ཆགས་ཡོད། དེ་བས་ང་ཚོར་ཞི་བདེ་དོན་གཉེར་བྱེད་པའི་ཐོག་མའི་བསམ་འདུན་དང་སྙིང་སྟོབས་བརྒྱུད་སྤྲོད་བྱེད་པའི་འགན་འཁྲི་ཡོད”ཟེར།
ཧྥེ་ལི་ཕིན་གྱི་ཕྱིར་སྡོད་རང་མིའི་འཇར་འགོག་དཔའ་བོ་དྲན་གསོའི་ཁང་གི་ལས་བྱེད་མི་སྣ་ཞིག་གིས་གསར་འགོད་པར་བཤད་རྒྱུར། མཆོད་འབུལ་སྔོན་གྱི་ཉིན་དེའི་མཚན་མོར། ཁོ་ལ“ཧྭ་ཀྲི”འཐབ་འཛིང་པ་ཞིག་གི་རྗེས་རབས་པའི་ཁ་པར་བཏང་ནས་ངེས་པར་དུ་དྲན་གསོའི་རྡོ་རིང་ལ་མེ་ཏོག་འབུལ་དགོས་པའི་མངགས་བཅོལ་བྱས་པར་མ་ཟད། ད་ལྟའི་ཟང་ཟིང་འདྲེས་མའི་རྒྱལ་སྤྱིའི་གནས་བབ་འོག མི་རྣམས་ཀྱིས་མཉམ་དུ་ཞི་བདེ་དང་གཉིས་ཕན་མཉམ་ལས། མཛའ་བརྩེའི་འགྲོ་འོང་བཅས་ལ་གཅེས་སྤྲས་བྱས་ན་གཞི་ནས་འཇར་འགོག་དཔའ་བོ་དེ་དག་ལ་སེམས་གསོ་བྱེད་སྟངས་ཡག་ཤོས་དེ་ཡིན་ལ། འཛམ་གླིང་གི་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་བྱེད་སྟངས་ཡག་ཤོས་ཀྱང་ཡིན་ཞེས་བཤད་བྱུང་ཟེར།
གཡང་འབུམ་རྒྱལ་གྱིས་བསྒྱུར།