ཚེས4ཉིན།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒོ་ཁྲལ་དཔྱ་ཁྲལ་ཨུ་ཡོན་ལྷན་ཁང་གིས་སྤྱི་བསྒྲགས་སྤེལ་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད2025ལོའི་ཟླ4བའི་ཚེས10ཉིན་གྱི་དུས་ཚོད12དང་སྐར་མ01ནས་བཟུང་ཨ་རི་ནས་ནང་འདྲེན་བྱས་པའི་ཚོང་ཟོག་ཚང་མར་སྒོ་ཁྲལ་སྣོན་བསྡུ་བྱ་རྒྱུ་ཡིན་ཟེར།
སྤྱི་བསྒྲགས་ལས། 2025ལོའི་ཟླ4བའི་ཚེས2ཉིན། ཨ་རི་སྲིད་གཞུང་གིས་ཀྲུང་གོས་ཨ་རིར་ཕྱིར་གཏོང་བྱས་པའི་ཚོང་ཟོག་ལ“འདྲ་མཚུངས་སྒོ་ཁྲལ”བསྡུ་རྒྱུ་ཁྱབ་བསྒྲགས་བྱས་པ་རེད། ཨ་རི་ཕྱོགས་ཀྱི་བྱེད་སྟངས་དེ་རྒྱལ་སྤྱིའི་ཚོང་དོན་སྒྲིག་སྲོལ་དང་མི་མཐུན་ཞིང་། ཀྲུང་གོ་ཕྱོགས་ཀྱི་ལུགས་མཐུན་དང་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་བཏང་བ་དེ་ནི་ཕྱོགས་རྐྱང་པའི་བཙན་ཤེད་བྱེད་སྟངས་ཀྱི་དཔེ་མཚོན་ཞིག་རེད་ཅེས་བཀོད་ཡོད།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒོ་ཁྲལ་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགག་སྒོའི་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་ཉོ་ཚོང་བཅའ་ཁྲིམས》སོགས་བཅའ་ཁྲིམས་ཁྲིམས་སྲོལ་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་གཞིར་བཟུང་ཞིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒོ་ཁྲལ་དཔྱ་ཁྲལ་ཨུ་ཡོན་ལྷན་ཁང་གིས་སྤྱི་བསྒྲགས་སྤེལ་བ་ལྟར་ན། 2025ལོའི་ཟླ4བའི་ཚེས10ཉིན་གྱི་དུས་ཚོད12དང་སྐར་མ01ནས་བཟུང་། ཨ་རི་ནས་ ནང་འདྲེན་བྱས་པའི་ཚོང་ཟོག་ཚང་མར་སྒོ་ཁྲལ34%སྣོན་བསྡུ་བྱ་རྒྱུ་རེད། 2025ལོའི་ཟླ4བའི་ཚེས10ཉིན་གྱི་དུས་ཚོད12དང་སྐར་མ01གི་སྔོན་དུ་དངོས་ཟོག་སྐྱེལ་འདྲེན་བྱེད་ཡུལ་ནས་སྐྱེལ་འདྲེན་བྱས་ཟིན་པར་མ་ཟད། 2025ལོའི་ཟླ4བའི་ཚེས10ཉིན་གྱི་དུས་ཚོད12དང་སྐར་མ01ནས་2025ལོའི་ཟླ5བའི་ཚེས13ཉིན་གྱི་དུས་ཚོད24བར་ནང་འདྲེན་བྱས་པའི་དངོས་ཟོག་ལ་ཐེངས་འདིའི་ཁ་སྣོན་སྒོ་ཁྲལ་བསྡུ་རྒྱུ་མ་རེད།
ཀྲུང་གོ་ཕྱོགས་ཀྱིས་ཨ་རིས་ཕྱོགས་རྐྱང་པའི་སྒོ་ཁྲལ་བྱེད་ཐབས་མྱུར་དུ་མེད་པར་བཟོས་ནས། འདྲ་མཉམ་དང་བརྩི་འཇོག གཉིས་ཕན་བཅས་ཀྱི་བྱེད་ཐབས་ལ་བརྟེན་ནས་གྲོས་མོལ་བྱས་ཏེ་ཚོང་དོན་གྱི་མི་མཐུན་པའི་ཆ་ཐག་གཅོད་བྱེད་དགོས་པར་སྐུལ་མ་བཏང་།
གཡང་འབུམ་རྒྱལ་གྱིས་བསྒྱུར།