དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲར་ཕར་རྒོལ་བྱེད་པའི“དུས་མཚམས་གསར་པར”སླེབས་ཡོད་ཟེར། 
2025.04.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས3ཉིན།དབྱི་སི་རལ་གྱི་རྒྱལ་སྲུང་དམག་གི་མགྲིན་ཚབ་པ་ཨའེ་ཧྥེ·ཏའེ་ཧྥུའུ་ལིན་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར།དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲ་ས་ཁུལ་ལ་དམག་དོན་ཕར་རྒོལ་བྱེད་པ་དེ“དུས་མཚམས་གསར་པར”སླེབས་ཡོད་ཟེར།

ཟླ3པའི་ཚེས18ཉིན།ཏའེ་ཧྥུའུ་ལིན་གྱིས་དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲ་ས་ཁུལ་དུ་དམག་དོན་བྱ་སྤྱོད་སླར་གསོ་བྱས་པ་ནས་བཟུང་།འཇབ་རྒོལ་ཐེངས600ལྷག་ཙམ་བྱས་ནས་མི250ལྷག་ཙམ་བསད་ཟེར།

ཁོས་བཤད་པ་ལྟར་ན།འདས་པོ་ཚང་མ་ནི་ཕ་ལེ་སི་ཐན་གྱི་དྲག་ཆས་མི་སྣ་དང་ཡང་ན་ཕ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སི་དང་འབྲེལ་བ་ཡོད་པར་བཤད།

ཏའེ་ཧྥུའུ་ལིན་གྱིས་དབྱི་སི་རལ་གྱི་དམག་དཔུང་གི་ཕར་རྒོལ“དུས་མཚམས་གསར་པར”སླེབས་པ་དེ་དབྱི་སི་རལ་ཕྱོགས་ཀྱི་དམག་འཐབ་དམིགས་འབེན་དང་མཐུན་པ་སྟེ།བཀག་ཉར་བྱས་པའི་མི་སྣ་གློད་འགྲོལ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་།ཧ་མ་སིའི་དམག་དོན་དང་བཅོས་སྐྱོང་ནུས་པ་ཐོར་ཞིག་ཏུ་གཏོང་རྒྱུ་དེ་ཡིན།གོ་རིམ་རྗེས་མའི་འགུལ་སྐྱོད་ཀྱིས“རབ་རིབ་རང་བཞིན”རྒྱུན་འཁྱོངས་བྱས་ཏེ།“བསམ་ཡུལ་ལས་འདས་པའི་འཕེལ་རིམ་ཆེན་པོ་ལེན་རྒྱུ”ཡིན་ཟེར།ཁོས་དབྱི་སི་རལ་ཕྱོགས་ཀྱི་བཀག་ཉར་མི་སྣ59གློད་གྲོལ་གཏོང་བ་དང་། ཚེ་འདས་རྣམས་ཀྱི་བེམ་པོ་ཕྱིར་སྤྲད་ཚེ་དབྱི་སི་རལ་གྱི་དམག་དཔུང་གིས་ད་གཟོད་གཞི་ནས་ཕར་རྒོལ་བྱེད་མཚམས་འཇོག་རྒྱུ་ཡིན་ཞེས་ནན་བཤད་བྱས།

ཚེས3ཉིན་དབྱི་སི་རལ་གྱི་དམག་དཔུང་གིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར།དམག་ཕྱོགས་ཀྱིས་དགོང་མོ་དེར་ཅ་ཧྲ་ས་ཁུལ་ནས་འཕངས་པའི་མེ་ཤུགས་འཕུར་མདེལ་ཞིག་བཀག་འགོག་བྱས་ཡོད་ཟེར།ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ལག་ཁྱེར་ཁ་པར་སྟེང་སྒྲིག་སྦྱོར་བྱས་ཡོད་པའི་ཉེན་བརྡའི་མ་ལག་ལས་མངོན་པ་ལྟར་ན།ཅ་ཧྲའི་མཐའ་འཁོར་གྱི་དབྱི་སི་རལ་གྱི་སྡེ་ཁུལ་དུ་མཁའ་ཟོན་ཉེན་བརྡ་གྲགས་ཡོད།

གཡང་འབུམ་རྒྱལ་གྱིས་བསྒྱུར།