མ་ཁི་ལུང་གིས་ཁེ་ལས་ཀྱིས་ཨ་རིར་མ་དངུལ་གཏོང་མཚམས་འཇོག་པའི་འབོད་སྐུལ་བཏང་།
2025.04.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས3ཉིན།ཧྥ་རན་སིའི་ཙུང་ཐུང་མ་ཁི་ལུང་གིས་བསྟན་དོན།ཚེས2ཉིན་ཨ་རིས་ཁྱབ་བསྒྲགས་བྱས་པའི་སྒོ་ཁྲལ་བྱ་ཐབས་ནི“གདུག་རྩུབ་ཆེ་ལ་གཞི་འཛིན་ས་སྤུ་ཙམ་ཡང་མེད་པས”ཁོས་ཁེ་ལས་ཀྱིས་ཨ་རིར་མ་དངུལ་གཏོང་མཚམས་འཇོག་པའི་འབོད་སྐུལ་བཏང་པ་ཡིན་ཟེར།

ཉིན་དེར་མ་ཁི་ལུང་གིས་ཨའེ་ལི་ཧྲེ་ཕོ་བྲང་དུ་ཧྥ་རན་སིའི་མཁའ་འགྲུལ་ལས་རིགས་དང་བཟོ་ལས།ཞིང་ལས།རྫས་འགྱུར་བཟོ་ལས་སོགས་ལས་རིགས་ཀྱི་འཐུས་མི་དང་ཁེ་ལས་མཐུན་ཚོགས་ཀྱི་འཐུས་མི་དག་ལ་ཐུག་འཕྲད་བྱས། ཁོས་བསྟན་དོན།ཨ་རིས་གསར་དུ་ཁྱབ་བསྒྲགས་བྱས་པའི་སྒོ་ཁྲལ་བྱེད་ཐབས་ཀྱིས་རྒྱལ་སྤྱིའི་ཚོང་དོན་རྒྱུན་ལྡན་ངང་འཁོར་སྐྱོད་བྱེད་པར་ཕོག་ཐུག་བཏང་ནས།ཡོ་རོབ་གླིང་གི་དཔལ་འབྱོར་ཚོང་དོན་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་རྒྱུ་ཡིན་པར་མ་ཟད།ཡོ་རོབ་གླིང་གི་དཔལ་འབྱོར་ཁྱབ་ཁོངས་དང་ཕྱིར་གཏོང་ཚང་མར་ཤུགས་རྐྱེན་ཐེབས་རྒྱུ་རེད།ཁོས་ཁེ་ལས་ཀྱིས་ཉེ་ལམ་ཁྱབ་བསྒྲགས་བྱས་པ་དང་མ་འོངས་པར་འཆར་གཞི་བཟོས་ཡོད་པའི་ཨ་རིར་མ་དངུལ་གཏོང་བའི་སྐོར་ཚང་མ“དོན་དངོས་གསལ་པོ་ཡོང་བའི”བར་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་པ་ཡིན་ཟེར།

མ་ཁི་ལུང་གིས་ཡོ་རོབ་མནའ་འབྲེལ་གྱིས་བྱེད་ཐབས་ཡོད་ཚད་སྤྱད་དེ་ཨ་རིའི་སྒོ་ཁྲལ་གྱི་བྱེད་ཐབས་གསར་པར་ལན་སྤྲོད་རྒྱུར་བསམ་གཞིག་གཏོང་བཞིན་ཡོད་པ་དང་། ཡོ་རོབ་མནའ་འབྲེལ་གྱིས་ངེས་པར་དུ་མཐུན་སྒྲིལ་དང་བློ་བརྟན་འགྱུར་མེད་རྒྱུན་འཁྱོངས་བྱས་ནས།སྒོ་ཁྲལ་གྱི་བྱེད་ཐབས་དེ་དག་ལ་སྤྱོད་པའི་འགོག་རྒོལ་བྱེད་ཐབས་ནི“ཞིབ་ཕྲ་དང་ལས་རིགས་སོ་སོའི་ཞིབ་འཇུག”ལྟར་སྤྱོད་རྒྱུ་ཡིན་ཟེར། ཁོས་ད་དུང་བཤད་རྒྱུར།སྒོ་ཁྲལ་གྱི་བྱེད་ཐབས་གསར་པ་དེ་དག་གིས་ཐོག་མར་ཨ་རིའི་དཔལ་འབྱོར་ལ་ཕོག་ཐུག་བཏང་ནས་ཨ་རིའི་དཔལ་འབྱོར་སྔར་ལས་ཉམས་ཞན་དུ་འགྲོ་ངེས་རེད་ཟེར།

ཧྥ་རན་སིའི་སྒོ་ཁྲལ་གཞི་གྲངས་ལས་མངོན་པ་ལྟར་ན།2023ལོར་ཨ་རི་ནི་ཧྥ་རན་སིའི་ཕྱིར་གཏོང་ཁྲོམ་ར་ཆེ་གྲས་བཞི་པ་ཡིན་པ་དང་།འཇར་མན་དང་དབྱི་ཐ་ལི།པིས་ལི་ཧྲི་བཅས་ཀྱི་རྗེས་སུ་ཆོད་ཡོད་པ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།