ཁ་མེ་ལུང་ལ་རོགས་སྐྱོར་བྱེད་པའི་ཀྲུང་གོའི་སྨན་བཅོས་རུ་ཁག་གིས་ས་གནས་དེ་རུ་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ།
2025.04.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས3ཉིན། ཁ་མེ་ལུང་ལ་རོགས་སྐྱོར་བྱེད་པའི་ཀྲུང་གོའི་སྨན་བཅོས་རུ་ཁག་སྐོར་ཐེངས24པའི་མུའུ་པ་འར་མ་ཡུའེ་ཡན་ལག་རུ་ཁག་གིས་མུའུ་པ་འར་མ་ཡུའེ་གྲོང་ཁྱེར་གྱི་སློབ་ཆུང་ཞིག་ཏུ་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་ནས།ས་གནས་དེའི་སློབ་མ་དང་དགེ་རྒན།ལས་བཟོ་པ་བཅས་ལ་བརྟག་དཔྱད་དང་བདེ་ཐང་བློ་འདྲི།ནད་རིགས་སྔོན་འགོག་དྲིལ་བསྒྲགས་སློབ་གསོའི་ཞབས་ཞུ་བཅས་མཁོ་འདོན་བྱས།

འོས་འགན་སྨན་བཅོས་བྱེད་སྒོ་ཉིན་དེའི་སྔ་དྲོར་སྤེལ་བ་དང་།སྨན་བཅོས་རུ་ཁག་གི་སྨན་པས་སློབ་གྲྭའི་སློབ་མ80ལྷག་ཙམ་དང་དགེ་རྒན་དང་ལས་བཟོ་བ་མང་པོ་ཞིག་ལ་བརྟག་དཔྱད་བྱས་པར་མ་ཟད།ངང་རྒྱུད་རིང་པོས་འབྲེལ་ཡོད་བདེ་ཐང་གི་དོགས་གཞིའི་སྐོར་ནས་ལན་བཏབ། སྨན་བཅོས་རུ་ཁག་གིས་ད་དུང་འགྲེལ་བཤད་དང་དཔེ་སྟོན་བྱས་པ་བརྒྱུད་ནས་སློབ་མར་འགོས་ནད་སྔོན་འགོག་བྱེད་ཐབས་དང་ཡང་དག་པའི་སོ་བཀྲུ་བའི་ཐབས་ལམ་སོགས་སློབ་ཁྲིད་བྱས་ཏེ།ཁོ་ཚོར་བདེ་ཐང་གི་འདུ་ཤེས་བཟང་པོ་ཆགས་པར་སྐུལ་མ་བཏང་། གཞན་ཡང་སྨན་བཅོས་རུ་ཁག་གིས་ད་དུང་སློབ་གྲྭ་དེར་ཡིག་ཆས་ཁག་ཅིག་ཞལ་འདེབས་སུ་ཕུལ།

ཐེངས་འདིའི་བྱེད་སྒོ་རྩ་འཛུགས་བྱེད་པའི་ཁྲོད་ཞུགས་པའི་མུའུ་པ་འར་མ་ཡུའེ་སྨན་ཁང་གི་སྨན་དོན་སྤྱི་ཁྱབ་ལྟ་སྐུལ་པ་རང·པའོ་ལོ·ཨ་པ་ཐི·མེ་ཏིས་ཡ་ཡིས་ཐེངས་འདིའི་བྱེད་སྒོ་བརྒྱུད་ནས་བྱིས་པ་ཚོས་འགོས་ནད་སྔོན་འགོག་དང་བདེ་ཐང་སྲུང་སྐྱོང་གི་ཤེས་བྱར་རྒྱུས་ལོན་བྱུང་བར་མ་ཟད།གཅེས་སྐྱོང་དང་རོགས་རམ་གྱི་བཀའ་དྲིན་ཡང་ཚོར་ཐུབ་ཡོད་པས་མ་འོངས་པར་འདི་དང་འདྲ་བའི་བྱེད་སྒོ་དེ་ལས་མང་པོ་སྤེལ་བའི་རེ་བ་ཡོད་ཅེས་བཤད།

ཁ་མེ་ལུང་ལ་རོགས་སྐྱོར་བྱེད་པའི་ཀྲུང་གོའི་སྨན་བཅོས་རུ་ཁག་མུའུ་པའར་མ་ཡུའེ་ཡན་ལག་རུ་ཁག་གི་རུ་གཙོ་རིན་ཆིན་ལན་གྱིས་བྱིས་པ་ཚོས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོའི་ཁྲོད་སློབ་སྦྱོང་ནན་ཏན་བྱེད་ཀྱི་འདུགཐེངས་འདིའི་འོས་འགན་སྨན་བཅོས་ནི་མགོ་བརྩམས་པ་ཙམ་ཡིན་པས།སྨན་བཅོས་རུ་ཁག་གིས་མུ་མཐུད་དུ་འོས་འགན་སྨན་བཅོས་སྣ་ཚོགས་སྤེལ་ནས་ས་གནས་འདིའི་མང་ཚོགས་དེ་ལས་མང་པོར་སྨན་བཅོས་བྱེད་རྒྱུ་ཡིན་ཟེར།

ངོ་སྤྲོད་བྱས་པ་ལྟར་ན།1975ལོ་ནས་བཟུང་ཀྲུང་གོའི་ཧྲན་ཞི་ཞིང་ཆེན་གྱིས་སྔ་རྗེས་སུ་ཁ་མེ་ལུང་ལ་སྨན་བཅོས་རུ་ཁག་སྐོར་ཐེངས24མངགས་ཡོད་པ་དང་མི་ཐེངས786ལ་བུད་ཡོད་པ་རེད། སྨན་བཅོས་རུ་ཁག་དེ་དག་ཁ་མེ་ལུང་གི་ས་ཁུལ་མང་པོ་ཞིག་ཏུ་སོང་ནས་སྨན་བཅོས་ཞབས་ཞུ་བསྒྲུབས།ད་ལྟ་ཁ་མེ་ལུང་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་སྐོར་ཐེངས24པས་ཡ་ཝུན་ཏི་དང་མུའུ་པའར་མ་ཡུའེ་གྲོང་ཁྱེར་བཅས་སུ་སོ་སོར་ཡན་ལག་རུ་ཁག་བཙུགས་ནས།ས་གནས་དེའི་མང་ཚོགས་ལ་མུ་མཐུད་དུ་སྨན་བཅོས་ཀྱི་ཞབས་འདེགས་ཞུས་པར་བསྔགས་བརྗོད་རྒྱ་ཁྱབ་ཏུ་ཐོབ་བཞིན་ཡོད།

གཡང་འབུམ་རྒྱལ་གྱིས་བསྒྱུར།