ཚེས4ཉིན། ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱིས་གསལ་བསྒྲགས་སྤེལ་ནས།ཉེ་ལམ་ཨ་རིའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་སྤྱི་བསྒྲགས་སྟེང་མིང་རྟགས་བཀོད་ནས།ནང་འདྲེན་རླངས་འཁོར་དང་ལྷུ་ལག་ཁག་ཅིག་ལ་སྒོ་ཁྲལ25%སྣོན་བསྡུ་བྱ་རྒྱུ་ཁྱབ་བསྒྲགས་བྱས། དོན་དེར་ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱིས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་དང་།ཨ་རི་ཕྱོགས་ཀྱིས་ཐོན་ལས་ལས་རིགས་ཀྱི་འབོད་སྐུལ་དང་དུ་བླངས་ནས་མྱུར་དུ་ནོར་འཁྲུལ་གྱི་བྱ་སྤྱོད་དེ་དུས་ཐོག་ཏུ་ཡོ་བསྲང་བྱ་རྒྱུའི་རེ་བ་བཏོན་པ་ཡིན།
གསལ་བསྒྲགས་ལས་བསྟན་དོན།རླངས་འཁོར་ནི་ཚད་མཐོའི་རྒྱལ་སྤྱི་ཅན་གྱི་ཐོན་ལས་ཤིག་ཡིན་པ་དང་།ཕན་འབྲས་མཐོ་ལ་རྒྱལ་ཁོངས་བརྒལ་བའི་མཁོ་སྤྲོད་སྦྲེལ་ཐག་གི་མ་ལག་བརྒྱུད་ནས་གོ་ལ་ཧྲིལ་པོའི་ཐོན་ཁུངས་བཀོད་སྒྲིག་ལེགས་ཤོས་མངོན་འགྱུར་བྱས་ཏེ།འཛམ་གླིང་གི་ས་གནས་སོ་སོའི་བཀོལ་སྤྱོད་མཁན་ལ་བདེ་འཇགས་དང་སྟབས་བདེའི་འགྲིམ་འགྲུལ་ཡོ་བྱད་མཁོ་འདོན་བྱས་ཡོད་པ་རེད། ཨ་རི་ཕྱོགས་ཀྱིས་རང་གི་ཁེ་ཕན་གྱི་ཆེད་དུ་སྒོ་ཁྲལ་ཁ་སྣོན་བསྡུ་བ་ནི།དཔེ་མཚོན་རང་བཞིན་གྱི་ཕྱོགས་རྐྱང་རིང་ལུགས་པའི་བྱེད་སྟངས་ཤིག་ཡིན་ཞིང་།གོ་ལ་ཧྲིལ་པོའི་ཚོང་དོན་རྩ་འཛུགས་ཀྱི་སྒྲིག་སྲོལ་དང་རྒྱབ་འགལ་ཚབས་ཆེན་བྱས་ཏེ།རྒྱུན་ལྡན་གྱི་ཉོ་ཚོང་སྒྲིག་ལམ་ལ་གཏོར་བཤིག་བཏང་པ་དང་།གོ་ལ་ཧྲིལ་པོའི་རླངས་འཁོར་ཐོན་ལས་ཀྱི་ཐོན་སྐྱེད་མཁོ་སྤྲོད་འབྲེལ་ཐག་བརྟན་པོ་ཡོང་བར་ཕོག་ཐུག་ཅུང་ཆེན་པོ་བཟོས་པར་མ་ཟད།རླངས་འཁོར་གྱི་རིན་གོང་སྔར་ལས་མཐོ་རུ་ཕྱིན་ནས་ཨ་རི་དང་བཅས་པའི་རྒྱལ་ཁབ་སོ་སོའི་འཛད་སྤྱོད་མཁན་ལ་ཁུར་པོ་ལྷག་མ་ཞིག་བསྣན་པ་ཡིན་ལ།གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་འབྱུང་བར་ཡང་ཤུགས་རྐྱེན་ངན་པ་ཐེབས་སྲིད།
ཀྲུང་གོའི་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱིས་ཨ་རི་སྲིད་གཞུང་གིས་ཐོན་ལས་ལས་རིགས་ཀྱི་འབོད་སྐུལ་ལ་ཉན་ནས།ནོར་འཁྲུལ་གྱི་བྱ་སྤྱོད་དེ་དུས་ཐོག་ཏུ་ཡོ་བསྲང་བྱས་ནས་གྲོས་མོལ་བརྗེ་རེས་བྱས་པ་བརྒྱུད་དེ།གཉིས་ཕན་མཉམ་རྒྱལ་གྱི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱས་ཏེ་སྒོ་འབྱེད་དང་བསྟུན་མཁས།མཉམ་ལས་བཅས་ཀྱི་རྣམ་འགྱུར་གྱིས་རྒྱལ་སྤྱིའི་ཚོང་དོན་སྤེལ་ནས།མཉམ་དུ་གོ་ལ་ཧྲིལ་པོའི་རླངས་འཁོར་ཐོན་ལས་ཀྱི་དར་རྒྱས་དང་བརྟན་འཇགས་སྲུང་སྐྱོང་བྱེད་དགོས་པའི་རེ་འབོད་བྱས་པ་ཡིན། དེ་དང་མཉམ་དུ་ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱིས་རྒྱལ་སྤྱིའི་ལས་རིགས་གཅིག་པའི་བར་ཧུར་ཐག་གིས་འབྲེལ་གཏུག་དང་མཉམ་ལས་བྱས་ཏེ།འགྲན་སློང་དེར་མཉམ་དུ་ཁ་གཏད་ནས་གོ་ལ་ཧྲིལ་པོའི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།
གཡང་འབུམ་རྒྱལ་གྱིས་བསྒྱུར།