ཚེས3ཉིན། མཉམ་འབྲེལ་རྒྱལ་ཚོགས་སུ་སྡོད་པའི་ཀྲུང་གོའི་འཐུས་མི་ཧྥུའུ་ཚུང་གིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་བྲེལ་མྱུར་ཁྱབ་བསྒྲགས་ཚོགས་འདུའི་སྟེང་བསྟན་དོན།ཉེ་ལམ་དབྱི་སི་རལ་གྱིས་ས་ངོས་ཀྱི་ཕར་རྒོལ་རྒྱ་ཆེར་བཏང་ནས་ཅ་ཧྲའི་མངའ་ཁོངས་བཙན་བཟུང་བྱ་རྒྱུ་ཁྱབ་བསྒྲགས་བྱས་པ་དང་།ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད་ལ་དབྱི་སི་རལ་གྱིས་མྱུར་དུ་ཅ་ཧྲར་དམག་དོན་བྱ་སྤྱོད་མཚམས་འཇོག་དགོས་པའི་སྐུལ་མ་བཏང་བ་ཡིན་ཟེར།
ཧྥུའུ་ཚུང་གིས་བསྟན་དོན། ཅ་ཧྲ་སླར་ཡང་དམག་འཁྲུག་གི་མེ་ལྕེ་ཁྲོད་དུ་ཚུད་ཡོད། མི་སེར་ཤི་རྨས་དང་མི་ཆོས་གནོད་འཚེ་དེ་འདྲ་ཆེན་པོ་མ་བྱུང་སྔོན་དུ་ཚོད་འཛིན་བྱེད་རྒྱུ་ནི། རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་དུ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁ་ཚ་དགོས་གཏུག་གི་ལས་འགན་ཞིག་ཏུ་གྱུར་ཡོད།
ཧྥུ་ཚུང་གིས་ནན་གྱིས་བསྟན་དོན། ངེས་པར་དུ་ཛ་དྲག་གི་འདུ་ཤེས་ཆེ་ཤོས་ལ་བརྟེན་ནས་ཅ་ཧྲའི་དམག་འཁྲུག་ཡུན་རིང་བོར་མཚམས་འཇོག་པར་སྐུལ་འདེད་གཏོང་དགོས། དམག་འཁྲུག་བསྐྱར་དུ་སྤེལ་ན་དམར་གསོད་དང་འཁོན་འཛིན་དེ་ལས་མང་པོ་བཟོ་བ་ལས་མི་གཏའ་སྐྱོབ་པའི་ཡང་དག་པའི་བྱེད་ཐབས་གཏན་ནས་མིན། མུ་མཐུད་དུ་དམག་འཁྲུག་མཚམས་འཇོག་པ་ནི་གཞི་ནས་ཚེ་སྲོག་སྐྱོབ་པ་དང་མི་གཏའ་ཕྱིར་གཏོང་བའི་ཐབས་ལམ་ཡག་ཤོས་ཤིག་རེད། དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་འགན་ལེན་བྱེད་མཁན་རྒྱལ་ཁབ་ཀྱིས་དྲང་གཞག་དང་འགན་འཁུར་བའི་རྣམ་འགྱུར་གྱིས་དུས་མཚམས་གསུམ་གྱི་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་མུ་མཐུད་དུ་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་ནས། ཅ་ཧྲའི་དམག་འཁྲུག་ཡུན་རིང་བོར་མཚམས་འཇོག་པ་མངོན་འགྱུར་བྱེད་དགོས་ཟེར།
ཧྥུའུ་ཚུང་གིས་བསྟན་དོན། ངེས་པར་དུ་བྱ་སྤྱོད་ནན་མོས་ཅ་ཧྲའི་མི་ཆོས་དངོས་ཟོག་ཆོག་འཐུས་སླར་གསོ་བྱེད་པ་དང་མི་ཆོས་ལས་དོན་ལ་དམིགས་པའི་འཇབ་རྒོལ་གང་རུང་ངེས་པར་དུ་བཀག་འགོག་བྱེད་དགོས། ཁོས“རྒྱལ་ཁབ་གཉིས་ཀྱི་ཇུས་གཞི”དོན་འཁྱོལ་བྱ་རྒྱུ་ནི་ཕ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་བྱེད་ཆོག་པའི་བགྲོད་ལམ་འབའ་ཞིག་ཡིན། ཅ་ཧྲ་དང་ཅོར་ཏན་གཙང་པོའི་ནུབ་འགྲམ་དང་བཅས་པའི་ཡའེ་ལུའུ་ས་ལེམ་ཤར་མ་ཚང་མ་ནི་ཕ་ལེ་སི་ཐན་རྒྱལ་ཁབ་ཀྱི་ཁ་འབྲལ་ཐབས་མེད་པའི་གྲུབ་ཆ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཅ་ཧྲའི་མང་ཚོགས་ལ་དམིགས་པའི་བཙན་ཤེད་གནས་སྤོ་གང་རུང་ལ་ངོ་རྒོལ་བྱེད་པ་དང་། ཅ་ཧྲ་དང་ཡང་ན་ནུབ་འགྲམ་གྱི་མངའ་ཁོངས་ཁྱུར་མིད་བྱེད་རྒྱུའི་རེ་ངན་གང་རུང་ལ་ངོ་རྒོལ་བྱེད་རྒྱུ་ཡིན་ཟེར།
གཡང་འབུམ་རྒྱལ་གྱིས་བསྒྱུར།