ཨ་རིའི་རྒྱལ་ཁོངས་བདེ་འཇགས་པུའུ་ཡིས་ཝུའུ་ཁི་ལན་གྱི་མི་ལ་བསྐུར་བའི་ཕྱིར་སྐྱེལ་སྦྲག་ཡིག་ནི“བསྐུར་ནོར”ཐེབས་པ་ཞིག་ཡིན་པར་བཤད།
2025.04.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས4ཉིན།ཨ་རིའི་རྒྱལ་ཁོངས་བདེ་འཇགས་པུའུ་ཡི་མགྲིན་ཚབ་པས་བཤད་རྒྱུར།ཉེ་ལམ་ཨ་རིར་ཁྲིམས་མཐུན་ངང་སྡོད་པའི་ཝུའུ་ཁི་ལན་གྱི་མི་མང་པོ་ཞིག་ལ་ཕྱིར་སྐྱེལ་སྦྲག་ཡིག་བསྐུར་པ་ནི“བསྐུར་ནོར”ཐེབས་པ་ཞིག་ཡིན་པ་དང་།2022ལོར་ཨུ་རུ་སུ་དང་ཝུའུ་ཁི་ལན་གྱི་བར་དུ་གདོང་ཐུག་བྱུང་རྗེས་བཙུགས་པའི་ཝུའུ་ཁི་ལན་གྱི་མི་ཆོས་རིང་ལུགས་ཀྱི་གནས་སྐབས་སུ་སྡོད་པའི་འཆར་གཞི་མཚམས་འཇོག་བྱས་མེད་ཟེར།

ཉེ་ལམ་ཨ་རིའི་རྒྱལ་ཁོངས་བདེ་འཇགས་པུའུ་ཡིས་མི་ཆོས་རིང་ལུགས་ཀྱི་འཆར་གཞི་བརྒྱུད་ནས་ཁྲིམས་མཐུན་ངང་ཨ་རིར་སྡོད་པའི་ཝུའུ་ཁི་ལན་གྱི་མི་མང་པོ་ཞིག་ལ་སྦྲག་ཡིག་བསྐུར་ནས།ཁོ་ཚོ་སྡོད་པའི་ཐོབ་ཐང་མེད་པར་བཟོས་ནས་ངེས་པར་དུ་ཉིན7གྱི་ནང་དུ་རྒྱལ་མཚམས་ནས་ཁ་འབྲལ་དགོས།དེ་ལྟར་མ་བྱས་ན“རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་འཛིན་བཟུང”ཐེབས་སྲིད་ཅེས་བཤད་པ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།