ཨེ་ཅིབ་ཀྱིས་དབྱི་སི་རལ་གྱིས་ཕ་ལེ་སི་ཐན་གྱི་མངའ་ཁོངས་ཁ་བྲལ་གཏོང་བའི་རེ་ངན་ལ་ཡང་བསྐྱར་ངོ་རྒོལ་བྱས།
2025.04.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས5ཉིན།ཨེ་ཅིབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ཏུའུ་ལི་ཨ་ཐིས་ཀྱིས་དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དང་ཅོར་ཏན་གཙང་པོའི་ནུབ་འགྲམ་ཁ་བྲལ་བཏང་ནས་ཕ་ལེ་སི་ཐན་གྱི་མངའ་ཁོངས་གཅིག་གྱུར་ལ་གཏོར་བཤིག་གཏོང་བའི་རེ་ངན་ལ་ཨེ་ཅིབ་ཀྱིས་ངོ་རྒོལ་བྱེད་ཀྱི་ཡོད་ཅེས་བཤད།

ཉིན་དེར་ཨེ་ཅིབ་ཀྱི་ཕྱི་འབྲེལ་པུའུ་ཡིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར།  ཨ་པུའུ་ཏུའུ་ལི་ཨ་ཐིས་ཀྱིས་ཕ་ལེ་སི་ཐན་མི་རིགས་བཅིངས་འགྲོལ་ལས་འགུལ(ཧྥ་ཐ་ཧོ)གྱི་འཐུས་མིའི་ཚོགས་པ་དང་ཐུག་འཕྲད་བྱེད་སྐབས་གོང་གསལ་གྱི་རྣམ་འགྱུར་དེ་བསྟན་པ་རེད།

ཨ་པུའུ་ཏུའུ་ལི་ཨ་ཐིས་ཀྱིས་ཨེ་ཅིབ་ཀྱིས་ཅ་ཧྲ་ས་ཁུལ་དང་ཅོར་ཏན་གཙང་པོའི་ནུབ་འགྲམ་གྱི་དབྱི་སི་རལ་གྱི“དམག་དོན་བྱ་སྤྱོད་ལ་མཐའ་གཅིག་ཏུ་ཁས་ལེན་མི་བྱེད”ཅིང་། དབྱི་སི་རལ་གྱིས་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་སྣང་མེད་དུ་བཞག་ནས་དྲག་ཤུགས་སྤྱོད་པའི་བྱ་སྤྱོད་ལ་རྒོལ་གཏམ་བཏང་པ་བསྐྱར་བསྒྲགས་བྱས། ཁོས་ད་དུང་ཨེ་ཅིབ་ཀྱིས་ཕ་ལེ་སི་ཐན་པ་ཁྱིམ་གཞིས་ནས་ཕྱིར་འབུད་བྱེད་པའི་བྱ་སྤྱོད་གང་རུང་ལ་ངོ་རྒོལ་བྱེད་དགོས་པ་ནན་བཤད་བྱས་པར་མ་ཟད་ཅ་ཧྲ་བསྐྱར་སྐྲུན་བྱེད་པའི་འཆར་གཞི་ཡང་བཏོན་པ་རེད།

ཨ་པུའུ་ཏུའུ་ལེ་ཨ་ཐིས་ཀྱིས་བསྟན་དོན།  ཨེ་ཅིབ་ཀྱིས་ཕ་ལེ་སི་ཐན་ཕྱོགས་ཀྱི་མི་རིགས་དབང་ཆའི་སྒྲིག་གཞིའི་མགོ་ཁྲིད་འོག་གི་མཐུན་སྒྲིལ་ལ་མུ་མཐུད་དུ་སྐུལ་འདེད་གཏོང་རྒྱུ་དང་། དེའི་དམིགས་ཡུལ་ནི1967ལོའི་མཐའ་མཚམས་རྨང་གཞིར་བྱེད་པ་དང་། ཡའེ་ལུའུ་ས་ལེམ་ཤར་མ་རྒྱལ་ས་ཡིན་པའི་རང་བཙན་གྱི་ཕ་ལེ་སི་ཐན་རྒྱལ་ཁབ་ཅིག་འཛུགས་པའི་ཡུན་རིང་གི་ཐག་གཅོད་ཇུས་གཞི་ཞིག་འཐེན་རྒྱུ་དེ་ཡིན།

ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས5ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན།  ཟླ3པའི་ཚེས18ཉིན་ནས་བཟུང་དབྱི་སི་རལ་ཕྱོགས་ཀྱིས་ཅ་ཧྲ་ས་ཁུལ་གྱི་ས་ཆ་མང་པོར་འཇབ་རྒོལ་བྱས་ནས། ཉུང་མཐར་ཡང་མི་1309རྐྱེན་ལམ་དུ་ཤོར་བ་དང་མི3184ལ་རྨས་སྐྱོན་ཕོག་ཡོད་པ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།