ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་མཱ་ཞི་ལཱ་བརྙན་འཕྲིན་ཁང་གིས་ཚེས6ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་དམག་དཔུང་གིས་ཉིན་དེའི་སྔ་དྲོར་མཚོ་དམར་མཚོ་ཁོངས་སུ་གནས་པའི་ཡེ་མིན་གྱི་ཁཱ་མཱ་ལན་གླིང་ཕྲན་ལ་བར་སྣང་འཇབ་རྒོལ་ཐེངས་འགའ་བྱས་ཟེར།
བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་དམག་དཔུང་གིས་ཁཱ་མཱ་ལན་གླིང་ཕྲན་སྟེང་གི་དམིགས་འབེན་མི་འདྲ་བར་བར་སྣང་འཇབ་རྒོལ་ཐེངས་ལྔ་བྱས་པ་དང་། ཁཱ་མཱ་ལན་གླིང་ཕྲན་ནི་ཡེ་མིན་ནུབ་ཕྱོགས་ཀྱི་ཧི་ཐེ་ཏཱ་ཞིང་ཆེན་གྱི་ཁག་ཅིག་ཡིན་ཞིང་། ཞིང་ཆེན་དེ་དོན་དངོས་སུ་ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱས་ཡོད། བསྒྲགས་པའི་གནས་ཚུལ་ལས་བར་སྣང་འཇབ་རྒོལ་ལས་བཟོས་པའི་ཤི་རྨས་གནས་ཚུལ་དང་སྒྲིག་ཆས་ལ་གཏོར་བརླག་ཐེབས་པའི་ཚད་གསལ་བོར་བཤད་མེད།
ཨ་མེ་རི་ཁས་ད་རུང་དོན་ཐེངས་འདིའི་འཇབ་རྒོལ་ཐད་ནས་གསལ་སྒྲོག་སྤེལ་མེད།
གཞན་ཡང་ཡེ་མིན་འཕྲོད་བསྟེན་སྡེ་ཁག་དང་སྨྱན་བྱད་ཀྱིས་ཚེས6ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་དམག་དཔུང་གིས་ཚེས5ཉིན་ཡེ་མིན་བྱང་ཕྱོགས་ཀྱི་སཱ་ཏཱ་གྲོང་ཁྱེར་གྱི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས་ནས། མི2རྐྱེན་ལམ་དུ་ཤོར་བ་དང་མི9ལ་རྨས་ཕོག་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།