སེར་ཝེ་ཡཱའི་ཙུང་ཐུང་གིས་མཱ་ཁྲུའུ་ཐི་ཙུང་ལི་གསར་བར་མིང་འདོན་བྱས།
2025.04.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

སེར་ཝེ་ཡཱའི་ཙུང་ཐུང་ཝུའུ་ཆི་ཆི་ཡིས་ཚེས6ཉིན་གྱི་དགོང་མོར་ཁྱབ་བསྒྲགས་བྱས་དོན། མཱ་ཁྲུའུ་ཐི་སྐབས་གསར་བའི་སྲིད་གཞུང་གི་ཙུང་ལིའི་འདེམ་སྒུག་མི་སྣར་མིང་འདོན་བྱས་ཡོད་ཟེར།

ཝུའུ་ཆི་ཆི་ཡིས་ཉིན་དེའི་དགོང་མོར་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། མཱ་ཁྲུའུ་ཐི་ལ་ཙུང་ལིའི་འགན་ཁུར་བར་མཁོ་བའི་ཆེད་ལས་ཤེས་བྱ་དང་། མི་སྒེར་གྱི་བྱང་ཚད། ཡོད་ཚད་འབུལ་བའི་སྙིང་སྟོབས་བཅས་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་ནི་སྲིད་གཞུང་གསར་བའི་འགན་འཁྲི་གཙོ་བོ་ཡིན་པ་དང་། དེའི་ཞོར་དུ་སྲིད་གཞུང་གསར་བས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོར་འདེགས་གཏོང་བར་འབད་འབུངས་བྱེད་དགོས་ལ། གཙོ་བོ་སྨན་བཅོས་དང་སློབ་གསོ། ཚན་རྩལ། རྨང་གཞིའི་སྒྲིག་ཆས། ནུས་ཁུངས། ཞིང་ལས། ཡུལ་སྐོར། ཁོར་ཡུག་སྲུང་སྐྱོབ་སོགས་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ལས་གཞི་ཆེན་པོ་དག་ལ་སྐུལ་འདེད་གཏོང་དགོས་ཟེར།

སེར་ཝེ་ཡཱའི་རྒྱལ་དམངས་གྲོས་ཁང་གིས་ཟླ3པའི་ཚེས19ཉིན་སྐབས་དེའི་ཙུང་ལི་ཝུའུ་ཆེ་ཝེ་ཆི་ཡིས་ལས་ཁུར་དགོངས་ཞུ་བྱས་པ་དང་། སེར་ཝེ་ཡཱ་དུས་ཡུན་ཉིན་སུམ་ཅུའི་རིང་གི་སྲིད་གཞུང་གསར་བའི་རྩ་འཛུགས་ཀྱི་དུས་རིམ་དུ་བསླེབས་པ་ཁས་ལེན་བྱས།  ད་ལྟའི་སྲིད་གཞུང་དེ་ལྟ་སྐྱོང་སྲིད་གཞུང་ཡིན་པའི་ཆ་ནས་ནེ་ཀི་གསར་བ་འཛུགས་རག་བར་མུ་མཐུད་དུ་ལས་འགན་ལག་བསྟར་བྱེད་རྒྱུ་རེད། གལ་ཏེ་དུས་ཡུན་དེའི་ནང་ནེ་ཀི་གསར་བ་རྩ་འཛུགས་བྱེད་མི་ཐུབ་ན། སེར་ཝེ་ཡཱ་ཡིས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།