ཁོང་གོ་ཅིན་དུ་དྲག་ཆར་བབས་པ་ལས་ཆུ་ལོག་གི་གནོད་འཚེ་བྱུང་ནས་ཉུང་མཐར་ཡང་མི22རྐྱེན་ལམ་དུ་ཤོར།
2025.04.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཁོང་གོ་ཅིན་གྱི་སྨྱན་བྱད་ཀྱིས་ཚེས6ཉིན་བསྒྲགས་པ་ལྟར་ན། བསྟུད་མར་ཉིན་འགའི་རིང་ཆར་བ་དྲག་པོ་བབས་པའི་དབང་གིས་རྒྱལ་ས་ཅིན་ཧྲ་སཱ་རུ་ཆུ་ལོག་གི་གནོད་འཚེ་བྱུང་སྟེ། ཉུང་མཐར་ཡང་མི22རྐྱེན་ལམ་དུ་ཤོར།

བསྒྲགས་པ་ལྟར་ན། ཆུ་ལོག་གི་གནོད་འཚེ་ལས་ཅིན་ཧྲ་སཱ་ཡི་གཞུང་ལམ་མང་བོ་ཆུས་བསྣུབས་པ་དང་འགྲིམ་འགྲུལ་རྒྱུ་ལམ་གཙོ་བོར་གནོད་པ་ཐེབས་པར་མ་ཟད། སྲང་ལམ་མང་བོར་ཆུ་གློག་ཆད་པའི་གནས་ཚུལ་བྱུང་ཡོད། འབྲེལ་ཡོད་སྡེ་ཁག་གིས་གཙང་སེལ་དང་རྒུད་སྐྱོབ་བྱ་བ་སྤེལ་བཞིན་ཡོད་པ་དང་། གནམ་གཤིས་བརྟག་དཔྱད་ཀྱི་སྔོན་བརྡ་ལས་མངོན་པ་ལྟར་ན། མ་འོངས་པའི་ཉིན་འགའི་ནང་ཆར་བ་དྲག་པོ་འབབ་སྲིད་ཟེར།

ཁོང་གོ་ཅིན་གྱི་འགྲིམ་འགྲུལ་པུའུ་ཡིས་ཚེས6ཉིན་བཤད་རྒྱུར། ཅིན་ཧྲ་སཱའི་ཨིན་ཅི་ལེ་རྒྱལ་སྤྱིའི་གནམ་གྲུ་ཐང་གི་སྐམ་སའི་འགྲིམ་འགྲུལ་བཀག་རྒྱ་ཚབས་ཆེན་ཐེབས་ཡོད་ལ། གནས་སྐོར་བ་དག་བདེ་བླག་ངང་གནམ་གྲུ་ཐང་ནས་འགྲོ་འོང་བྱེད་པར་འགན་སྲུང་བྱེད་ཆེད། སྲིད་གཞུང་གིས་ཆུ་ལམ་ནས་སྐྱེལ་འདྲེན་བྱེད་པའི་བྲེལ་མྱུར་ཇུས་གཞི་ལག་བསྟར་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།