ཡེ་ཤུའི་ཆོས་ལུགས་དམངས་གཙོ་མནའ་འབྲེལ་དང་ཡེ་ཤུའི་ཆོས་ལུགས་སྤྱི་ཚོགས་མནའ་འབྲེལ་གྱིས་གྲུབ་པའི་འཇར་མན་མནའ་འབྲེལ་ཏང་དང་འཇར་མན་གྱི་སྤྱི་ཚོགས་དམངས་གཙོ་ཏང་གིས་ཚེས9ཉིན་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་མཉམ་འབྲེལ་སྲིད་འཛིན་གྲོས་མཐུན་དེ་ཁྱབ་བསྒྲགས་བྱས་པ་རེད། གྲོས་མཐུན་ལྟར་ན། སྲིད་འཛིན་མནའ་འབྲེལ་གྱིས་དཔྱ་ཁྲལ་ཇེ་ཉུང་དུ་བཏང་ནས་འཇར་མན་སྤྱི་དམངས་དང་ཁེ་ལས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་འདོད་ཡོད་པ་དང་། སྲིད་འཛིན་མནའ་འབྲེལ་གྱིས་ཡུལ་གྱར་བ་བསྡུ་བའི་སྲིད་ཇུས་ཇེ་དམ་དུ་གཏོང་བར་གཅིག་གྱུར་འཐད་པ་བྱུང་། སྲིད་འཛིན་མནའ་འབྲེལ་གྱིས་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ལིའི་བཞུགས་ཤག་གིས་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་བཙུགས་ནས་ཕྱོགས་བསྡུས་བདེ་འཇགས་སྲིད་ཇུས་གནད་དོན་ལ་མཐུན་སྦྱོར་བྱེད་པ་དང་། གནས་བབ་ལ་མཉམ་དུ་དཔྱད་འཇོག་བྱེད་པར་འཐད་པ་བྱུང་།
དེ་ལས་གཞན་གོང་གི་གྲོས་མཐུན་ལས་སྲིད་འཛིན་མནའ་འབྲེལ་གྱི་ཏང་ཁག་སོ་སོའི་སྡེ་ཁག་ཚང་མས་རོགས་འདེགས་བྱེད་པར་གཏན་འཁེལ་བྱས་ཡོད་དེ། ཡེ་ཤུའི་ཆོས་ལུགས་དམངས་གཙོ་མནའ་འབྲེལ་གྱིས་ཕྱི་འབྲེལ་པུའུ་དང་དཔལ་འབྱོར་ལས་དོན་དང་ནུས་ཁུངས་པུའུ་སོགས་སྡེ་ཁག་དྲུག་དང་། ཙུང་ལིའི་བཞུགས་ཤག་བདག་བཟུང་བྱེད་པ་དང་། ཡེ་ཤུའི་ཆོས་ལུགས་སྤྱི་ཚོགས་མནའ་འབྲེལ་གྱིས་ནང་སྲིད་པུའུ་སོགས་སྡེ་ཁག་གསུམ་བདག་བཟུང་བྱེད་པ་ཡིན།
འཇར་མན་གྱི་མནའ་འབྲེལ་ཏང་གི་ཙུང་ལིའི་འདེམ་སྒུག་པ་མའོ་ཚི་ཡིས་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། མཉམ་འབྲེལ་སྲིད་འཛིན་གྲོས་མཐུན་དེས་འཇར་མན་གྱི་སྤྱི་དམངས་དང་ཡོ་རོབ་གླིང་མནའ་འབྲེལ་ལ་བརྡ་གསལ་བོ་ཞིག་བཏང་ཡོད་པ་ནི། འཇར་པན་གྱིས་སྟོབས་དང་ལྡན་ཞིང་ཕན་ནུས་ཡོད་པའི་སྲིད་གཞུང་ཞིག་བསུ་བཞིན་ཡོད་པས་དེར་འབྲེལ་བ་ཆེན་པོ་ཡོད་པར་བསྟན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།