འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱིས་ཚེས10ཉིན་རྩ་འཛུགས་དེ་བཙུགས་ནས་ལོ་ངོ་སུམ་ཅུ་འགོར་བར་རྗེས་བྱ་འགུལ་སྤེལ་བ་དང་། ཁོངས་གཏོགས་རྒྱལ་ཁབ་སོ་སོ་དང་མཉམ་དུ་ཕྱོགས་མང་ཉོ་ཚོང་སྒྲིག་ལུགས་ཀྱི་ལོ་རྒྱུས་གྲུབ་འབྲས་ལ་ཕྱིར་དྲན་བྱས་ནས། མིག་སྔའི་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་མདུན་དུ་ལྷགས་པའི་འཚོ་སྡོད་འགྲན་རྩོད་ལ་གྲོས་བསྡུར་བྱས་པར་མ་ཟད། མ་འོངས་པའི་བཅོས་བསྒྱུར་ཁ་ཕྱོགས་ལ་རྒྱང་བལྟ་བྱས། བྱ་འགུལ་སྤེལ་སྐབས་སུའེ་ཙེར་དང་སིང་ག་ཕོར་སོགས་ཀྱི་ཁེ་ལས་ཆུང་འབྲིང་གི་དཔལ་འབྱོར་ཚོགས་པ་ཞེ་གཅིག་གིས་མཉམ་དུ་ཕྱོགས་མང་ཉོ་ཚོང་སྒྲིག་ལུགས་ཀྱི་གྲོགས་པོ་ཞེས་པའི་གྲོས་འགོ་བཏོན།
གྲོས་འགོ་དེ་ལས་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་འདས་པའི་ལོ་ངོ་སུམ་ཅུའི་རིང་འཛམ་གླིང་ཡོངས་ཀྱི་ཉོ་ཚོང་རང་དབང་ཅན་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་འཛམ་གླིང་གི་དཔལ་འབྱོར་ནང་འདྲེས་པར་ནུས་པ་གལ་ཆེན་བཏོན་ཡོད་པ་དང་། དེང་སྐབས་ཕྱོགས་མང་ཉོ་ཚོང་སྒྲིག་ལུགས་དེ་འགྲན་རྩོད་ཚབས་ཆེན་ལ་འཕྲད་ཡོད་ལ། དེའི་ནང་འཛམ་གླིང་ཡོངས་ཀྱི་མཁོ་འདོན་མུ་འབྲེལ་ཆད་པ་དང་སྲུང་སྐྱོབ་རིང་ལུགས་མགོ་འབུས་བྱེད་པ་སོགས་འདུས། གྲོས་འགོ་དེ་ལས་ཕྱོགས་སོ་སོས་འཛམ་གླིང་ཉོ་ཚོང་གི་སྒྲིག་སྲོལ་གྱི་དམ་བཅའ་བསྐྱར་སྒྲོག་བྱེད་དགོས་པ་དང་། ཉོ་ཚོང་སྒོ་འབྱེད་ལ་སྲུང་སྐྱོབ་བྱེད་པ། གསར་གཏོད་ཀྱི་ཐབས་ལ་བརྟེན་ནས་མཉམ་དུ་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་བཅོས་བསྒྱུར་ལ་སྐུལ་འདེད་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་མིག་སྔའི་འགྲན་རྩོད་ཐག་གཅོད་བྱེད་པ་དང་། འཛམ་གླིང་ཉོ་ཚོང་རྩ་འཛུགས་སྲོག་ཤིང་དུ་བྱས་པའི་ཕྱོགས་མང་ཉོ་ཚོང་སྒྲིག་ལུགས་ཀྱི་རྨང་གཞིའི་རང་བཞིན་གྱི་ནུས་པར་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།
ཧྥེ་ཅཱ་ཐེ་སྡེ་ཚོགས་ཀྱི་འཐུས་མི་པཱ་པཱ་ཏའོ་སི་དང་ཨ་ཧྥེ་རི་ཁ་གླིང་སྡེ་ཚོགས་ཀྱི་འཐུས་མི་མའོ་སིང་པུས་ཁི། ཡོ་རོབ་གླིང་མནའ་འབྲེལ། དབྱིན་ཇི། ཧིན་རྡུ་ཉི་ཞི་ཡཱ། ཧན་གོ། ཕེ་རུ། པཱ་ཞི། ནེ་པཱ་ལཱ། འཇར་པན། ཀྲུང་གོ། ཨུ་རུ་སི་སོགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་འཐུས་མིས་གཏམ་བཤད་སྤེལ། གཏམ་བཤད་སྤེལ་སྐབས་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་མདུན་དུ་ལྷགས་པའི་ཕྱོགས་གཅིག་གི་སྒོ་ཁྲལ་འགྲན་རྩོད་དང་གཏན་འཇགས་མིན་པའི་ཉེན་ཁ་གླེང་བ་དང་། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་མཐོང་ཆུང་མེད་པ་སོགས་ཀྱི་གཞི་རྩའི་རྩ་དོན་བརྩི་སྲུང་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས་པ་དང་། འཛམ་གླིང་ཉོ་ཚོང་རྩ་འཛུགས་སྲོག་ཤིང་དུ་བྱས་ཤིང་། སྒྲིག་སྲོལ་རྨང་གཞིར་བྱས་པའི་ཕྱོགས་མང་ཉོ་ཚོང་སྒྲིག་ལུགས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། དོན་དངོས་འགུལ་སྐྱོད་སྤེལ་ནས་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་དང་། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་བཅུ་བཞི་པར་ལེགས་འགྲུབ་འབྱུང་སྐུལ་འདེད་གཏོང་རྒྱུ་ཁས་ལེན་བྱས།
འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་དབྱེ་ཝེ་ལཱ་ཡིས་སྤྱི་བསྡོམས་བྱེད་སྐབས་ཁོངས་གཏོགས་རྒྱལ་ཁབ་དག་གིས་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྟེགས་བུ་འདིར་གཅེས་སྤྲས་བྱེད་པ་དང་། ཉོ་ཚོང་ལ་བརྟེན་ནས་འཕེལ་རྒྱས་དང་བདེ་འཇགས་ལ་སྐུལ་འདེད་བཏང་སྟེ། གསར་གཏོད་ཀྱི་བསམ་ཕྱོགས་ལས་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་དགོས་པའི་སྐུལ་མ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།