ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས11ཉིན་ཧྲིན་པུས་ཏི་པའོ་ནས་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་དབུས་ཤར་གནད་དོན་གྱི་ཆེད་མངག་ཕོ་ཉ་ཝེ་ཐི་ཁི་ཧྥུའུ་ལ་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་ཝུའུ་ཁི་ལན་གྱི་གནས་བབ་ཀྱི་འབྲེལ་ཡོད་གྲོས་གཞིར་གྲོས་མོལ་བྱས།
ཁི་ལི་མུའུ་ལིན་ཕོ་བྲང་གིས་སྤེལ་བའི་གནས་ཚུལ་ལྟར་ན། གྲོས་མོལ་དེ་གསང་བའི་སྒོ་ནས་སྤེལ་བ་དང་། དེའི་ནང་དོན་ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་སོ་སོར་འབྲེལ་ཡོད་ཟེར། གཞན་ཡང་ཐཱ་སི་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། ཝེ་ཐི་ཁི་ཧྥུའུ་ཉིན་དེའི་དགོང་མོར་གནམ་གྲུར་བསྡད་དེ་ཧྲིན་པུས་ཏི་པའོ་དང་བྲལ། ཐེངས་འདིའི་འགྲུལ་བཞུད་ནི་ཕྱོགས་གཉིས་ཀྱི་ཕྱི་འབྲེལ་འབྲེལ་འདྲིས་ཀྱི་རྒྱུན་མཐུད་བྱ་སྤྱོད་ཡིན་པ་དང་། ཕྱོགས་གཉིས་ཀྱིས་ལངས་ཕྱོགས་བརྗེ་རེས་བྱས་ཀྱང་། གྲོས་མོལ་ལ་ཐོལ་བརྒལ་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་རེ་སྒུག་བྱས་མེད་ཟེར།
ཨ་མེ་རི་ཁའི་ཕོ་བྲང་དཀར་པོའི་གསར་འགྱུར་དྲུང་ཡིག་ལའེ་ཝེ་ཐི་ཡིས་ཀྱང་ཉིན་དེར་བསྟན་དོན། ཝེ་ཐི་ཁི་ཧྥུའུ་དང་ཕུའུ་ཅིན་གྱིས་ཐད་ཀར་གྲོས་མོལ་བྱས་པ་ནི་ཨ་མེ་རི་ཁ་དང་ཨུ་རུ་སི་ཕྱོགས་གཉིས་ཝུའུ་ཁི་ལན་གྱི་གནད་དོན་ཐག་གཅོད་བྱེད་པར་དམིགས་པའི་གོམ་སྟབས་གལ་ཆེན་ཞིག་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།