ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཚེས11ཉིན་བཤད་རྒྱུར། རྩ་འཛུགས་དེས་འདས་པའི་དུས་ཚོད་འགའི་ནང་མཚོ་དམར་བྱང་ངོས་སུ་བཀོད་སྒྲིག་བྱས་ཡོད་པའི་ཨ་མེ་རི་ཁའི་གནམ་གྲུ་འབབ་སའི་གྲུ་གཟིངས་རུ་ཁག་ལ་འཇབ་རྒོལ་བྱས་ཟེར།
ཧུའུ་སེ་དྲག་ཆས་པའི་མགྲིན་ཚབ་པ་སཱ་ལོས་ཡཱ་ཡིས་ཚེས11ཉིན་བརྙན་འཕྲིན་གསལ་སྒྲོག་སྤེལ་ཏེ། རྩ་འཛུགས་དེས་ཉིན་དེར་སྐོར་འདེད་འཕུར་མདའ་དང་མི་མེད་གནམ་གྲུ་བཀོལ་ནས་ཨ་མེ་རི་ཁའི་ཧཱ་ལི་ཏུའུ་ལུའུ་མིན་རྟགས་ཅན་གྱི་གནམ་གྲུ་འབབ་སའི་གྲུ་གཟིངས་དང་དེའི་རྗེས་འདེད་གྲུ་གཟིངས་ལ་འཇབ་རྒོལ་བྱས་ཏེ། ཨ་མེ་རི་ཁས་ང་ཚོའི་རྒྱལ་ཁབ་དང་ང་ཚོའི་མི་དམངས་ལ་བཙན་འཛུལ་བྱ་ཏེ་ནག་ཉེས་བསགས་པར་འཁོན་ལན་སློག་ཡོད་ཟེར། སཱ་ལོས་ཡཱ་ཡིས་བཤད་རྒྱུར། ཧུའུ་སེ་དྲག་ཆས་པས་མུ་མཐུད་དུ་སྐམ་ས་དང་མཚོ་ཐོག་ནས་འགོག་སྲུང་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཡིན་ཟེར།
ཧུའུ་སེ་དྲག་ཆས་པས་ཉིན་དེར་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་གིས་ཡེ་མིན་གྱི་རྒྱལ་ས་སཱ་ནཱའི་དམིགས་འབེན་མང་བོར་བར་སྣང་འཇབ་རྒོལ་ཐེངས11སྤེལ་ཡོད་ཟེར། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་སཱ་ནཱ་ནས་འཐབ་འཛིང་གནམ་གྲུའི་འགས་གཏོར་གྱི་སྒྲ་ཆེན་པོ་ཐོས་པ་དང་རང་གི་སྡོད་ཁང་དུ་འདར་འགུལ་དྲག་པོ་བྱེད་བཞིན་ཡོད་ཟེར། མིག་སྔར་ད་རུང་མི་སྣར་ཤི་རྨས་བྱུང་བའི་སྙན་ཞུ་བསྒྲགས་མེད་ཟེར།
ཚེས11ཉིན་གྱི་དགོང་མོར། ཡེ་མིན་གྱི་མང་ཚོགས་ཁྲི་ཕྲག་མང་བོས་སཱ་ནཱ་རུ་ཁྲོམ་སྐོར་བྱས་ཏེ། ཨ་མེ་རི་ཁའི་དམག་དཔུང་གིས་ཡེ་མིན་དུ་བར་སྣང་འཇབ་རྒོལ་བྱས་པ་དང་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་བར་ངོ་རྒོལ་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།