མཱ་ཁི་ལུང་གིས་ཡོ་རོབ་གླིང་གིས་བློ་བརྟན་འགྱུར་མེད་ཀྱིས་རང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས་པའི་ཚུལ་བསྟན།
2025.04.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས11ཉིན་བསྟན་དོན། ཨ་མེ་རི་ཁས་སྒོ་ཁྲལ་སྐོར་ཞིག་བཅོས་སྒྲིག་བྱས་པ་ནི་གནས་སྐབས་ཀྱི་སྣང་ཚུལ་ཙམ་ཡིན་ལ། ཡོ་རོབ་གླིང་གིས་ངེས་པར་དུ་གྲོས་མོལ་ལ་བརྟེན་ནས་འདྲ་མཉམ་མིན་པའི་སྒོ་ཁྲལ་མེད་པར་གཏོང་བ་དང་། བེད་སྤྱོད་བྱས་ཆོག་པའི་བྱེད་ཐབས་གང་རུང་སྤྱད་དེ་རང་ཉིད་ལ་སྲུང་སྐྱོབ་བྱེད་ལ། བློ་བརྟན་འགྱུར་མེད་ཀྱིས་རང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས། དོན་དེའི་ཐད་ཧྥ་རན་སི་ཡིས་གྲ་སྒྲིག་བཟང་བོ་བྱས་ཡོད་ཟེར།

མཱ་ཁི་ལུང་གིས་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཨ་མེ་རི་ཁས་སྔར་བཞིན་ཡོ་རོབ་གླིང་མནའ་འབྲེལ་ནས་ནང་འདྲེན་བྱེད་པའི་རྣོ་ལྕགས་དང་ཧ་ཡང་། རླངས་འཁོར་བཅས་ལ་བརྒྱ་ཆའི་ཉེར་ལྔའི་སྒོ་ཁྲལ་ལེན་བཞིན་ཡོད་པ་དང་། ཐོན་རྫས་གཞན་པར་བརྒྱ་ཆའི་བཅུའི་སྒོ་ཁྲལ་བསྡུ་བཞིན་ཡོད། དེ་ལས་ཡོ་རོབ་གླིང་མནའ་འབྲེལ་ལ་མཚོན་ན་ཡོ་སྒོར་ཐེར་ཆེན་ལྔ་དང་ཐེར་འབུམ་གཉིས་ཀྱི་འགྲོ་སོང་གཏོང་དགོས་ཡོད་ཟེར།

མཱ་ཁི་ལུང་གིས་བསྟན་དོན། ཡོ་རོབ་གླིང་གིས་ངེས་པར་དུ་བེད་སྤྱོད་བྱས་ཆོག་པའི་བྱེད་ཐབས་གང་རུང་སྤྱད་ནས་རང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས་པ་དང་། ང་ཚོའི་དམིགས་འབེན་ནི་གྲོས་མོལ་ལ་བརྟེན་ནས་འདྲ་མཉམ་མིན་པའི་སྒོ་ཁྲལ་དེ་དག་མེད་པར་གཏོང་བ་དང་། འདྲ་མཉམ་དང་མི་འོས་པའི་སྣང་ཚུལ་མེད་པའི་གྲོས་མཐུན་འགོད་རྒྱུ་དེ་ཡིན་ཟེར།

མཱ་ཁི་ལུང་གིས་བཤད་རྒྱུར། ཧྥ་རན་སི་ཡིས་གྲ་སྒྲིག་གང་ལེགས་བྱས་ཡོད་པ་དང་། ཡོ་རོབ་གླིང་གིས་ཀྱང་གྲ་སྒྲིག་བྱེད་དགོས། ང་ཚོས་ངེས་པར་དུ་ཀླད་པ་གསལ་བོའི་སྒོ་ནས་མཐུན་སྒྲིལ་གཅིག་གྱུར་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ང་ཚོའི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།