སྒེར་ཚུགས་རྒྱལ་ཁབ་མཉམ་འབྲེལ་ཚོགས་པའི་ཕྱི་འབྲེལ་བློན་ཆེན་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཨ་ལཱ་མུའུ་ཐུའུ་ནས་བསྡུས།
2025.04.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

སྒེར་ཚུགས་རྒྱལ་ཁབ་མཉམ་འབྲེལ་ཚོགས་པའི་ཕྱི་འབྲེལ་བློན་ཆེན་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་དང་ཨེ་ཤ་ཡཱ་དབུས་མ་དང་ཨུ་རུ་སིའི་གྲོས་མོལ་རྐྱེན་སྲོལ་སྒྲོམ་གཞིའི་ནང་གི་ཕྱི་འབྲེལ་བློན་ཆེན་གྱི་གྲོས་མོལ་ཐེངས་བརྒྱད་པ་ཚེས11ཉིན་ཧཱ་སག་སི་ཐན་གྱི་ཆེས་ཆེ་བའི་གྲོང་ཁྱེར་ཨ་ལཱ་མུའུ་ཐུའུ་ནས་བསྡུས།

གྲོས་ཚོགས་མ་བསྡུས་པའི་སྔོན་ལ། ཧཱ་སག་སི་ཐན་གྱི་ཙུང་ལི་གཞོན་པའམ་ཕྱི་འབྲེལ་བློན་ཆེན་ནོའུ་ཨར་ཐི་ལེ་ཝུའུ་ཡིས་ཚོགས་ཞུགས་མཁན་ཚང་མར་མི་འགྱངས་པར་ཐོན་ལ་ཉེ་བའི་ཟླ་ལྔ་བའི་ཚེས་དགུ་ཉིན་གྱི་ཧྥ་ཞི་སི་ལ་ངོ་རྒོལ་བྱེད་པའི་འཐབ་འཁྲུག་ལ་རྒྱལ་ཁ་ལོན་པའི་ཉིན་མོར་དགའ་སྟོན་རྟེན་འབྲེལ་ཞུས་པར་མ་ཟད། འཐབ་འཁྲུག་དེར་རྒྱལ་ཁ་ཐོབ་ནས་ལོ་ངོ་བརྒྱད་ཅུ་འགོར་བའི་སྐབས་སུ། སྒེར་ཚུགས་རྒྱལ་ཁབ་མཉམ་འབྲེལ་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་དག་གིས་མཐུན་སྒྲིལ་གཅིག་གྱུར་བྱེད་དགོས་པའི་ཚུལ་བསྟན།

གྲོས་ཚོགས་སྐབས་སུ། ཕྱོགས་སོ་སོས་སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་གྲོས་མོལ་ལ་ཤུགས་སྣོན་པ་དང་། འགྲན་རྩོད་དང་འཇིགས་ཉེན་ཐག་གཅོད་བྱེད་པ། དཔལ་འབྱོར་ཉོ་ཚོང་མཉམ་ལས་རྒྱ་བསྐྱེད་པ། སྐྱེལ་འདྲེན་དང་དངོས་སྐྱེལ་གྱི་སྦས་ཤུགས་སྔོག་འདོན་བྱེད་པ། སྒེར་ཚུགས་རྒྱལ་ཁབ་མཉམ་འབྲེལ་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་བར་གྱི་རིག་གནས་དང་མི་ཆོས་རིང་ལུགས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་སོགས་ཀྱི་ཐད་ནས་གྲོས་བསྡུར་ཟབ་མོ་བྱས། ཚོགས་ཞུགས་མཁན་གྱིས་ད་རུང་ཉིས་སྟོང་ཉེར་དྲུག་ལོ་ནས་ཉིས་སྟོང་སུམ་ཅུ་ལོའི་བར་གྱི་སྒེར་ཚུགས་རྒྱལ་ཁབ་མཉམ་འབྲེལ་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་དག་གིས་མཐའ་མཚམས་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་པའི་ཇུས་གཞིར་གྲོས་མཐུན་བྱུང་།

གྲོས་ཚོགས་གྲོལ་རྗེས་ཀྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཨུ་རུ་སི་དང་ཨ་མེ་རི་ཁའི་འབྲེལ་བའི་གནད་དོན་ལ་ལན་བཏབ། ཁོས་བསྟན་དོན། ཨ་མེ་རི་ཁའི་སྲིད་གཞུང་གིས་ཨུ་རུ་སིའི་བར་གྲོས་མོལ་བྱེད་པའི་དགོས་གལ་རང་བཞིན་ཤེས་ཡོད་པར་མ་ཟད། ཝུའུ་ཁི་ལན་གྱི་འཁྲུག་རྩོད་འབྱུང་རྩ་རྩད་ཞིབ་བྱེད་འདོད་ཡོད་ཟེར། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ནན་གྱིས་བསྟན་དོན། དུས་ཚོད་རིང་བོ་བཀོལ་ནས་ཨུ་རུ་སི་དང་ཨ་མེ་རི་ཁའི་བར་གཏོར་བརླག་ཐེབས་པའི་ཡིད་ཆེས་སླར་གསོ་བྱེད་དགོས་ཟེར།

སྒེར་ཚུགས་རྒྱལ་ཁབ་མཉམ་འབྲེལ་ཚོགས་པ་དེ་གཅིག་སྟོང་དགུ་བརྒྱ་གོ་གཅིག་ལོའི་ཟླ་བཅུ་གཉིས་པར་བཙུགས་པ་དང་། ད་ལྟ་དངོས་གཞིའི་ཁོངས་གཏོགས་རྒྱལ་ཁབ་དགུ་ཡོད་པ་རེད།