སུའུ་ཏན་ནུབ་ཕྱོགས་ཀྱི་ཏཱ་ཨར་ཧྥུའུ་ཨར་བྱང་མ་མངའ་སྡེའི་འཕྲོད་བསྟེན་པུའུ་ཀྲང་ཧཱ་ཐིས་ཨར་གྱིས་ཚེས12ཉིན་བཤད་རྒྱུར། མངའ་སྡེ་དེའི་ལྟེ་གནས་ཧྥ་ཞེ་ཨར་གྲོང་ཁྱེར་དང་ཉེ་བའི་ཀྲ་མུའུ་ཀྲ་མུའུ་ཡུལ་གྱར་བའི་སྒར་ས་དང་ཧྥ་ཞེ་ཨར་གྲོང་ཁྱེར་གྱི་ཡུལ་གྱར་བའི་འཕྲལ་བསྟུན་ལྟེ་གནས་ཤིག་ལ་ཚེས11དང་ཚེས12ཉིན་སོ་སོར་སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་སེར་དཀྱུས་མ114རྐྱེན་ལམ་དུ་ཤོར་ཟེར།
ཧཱ་ཐིས་ཨར་གྱིས་གསར་འགོད་པར་བཤད་རྒྱུར། སུའུ་ཏན་གྱི་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཚེས11ཉིན་ཀྲ་མུའུ་ཀྲ་མུའུ་ཡུལ་གྱར་བའི་སྒར་སར་མེ་སྒྱོགས་ཀྱིས་འཇབ་རྒོལ་བྱས་པ་དང་། ཡུལ་གྱར་བའི་སྒར་སར་སོང་ནས་མེ་མདས་བརྒྱབ་སྟེ། མི་སེར་དཀྱུས་མ་བརྒྱ་ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ཕྲག་འགའ་ལ་རྨས་ཕོག འདས་པོའི་གྲས་སུ་ཡུལ་གྱར་བའི་གཡུལ་སའི་སྨན་ཁང་ཞིག་གི་རྒུད་སྐྱོབ་རྩ་འཛུགས་ཀྱི་ལས་བྱེད་མི་སྣ་དགུ་འདུས། དེ་ལས་གཞན་ཧྥ་ཞེ་ཨར་བྱང་ངོས་ཀྱི་ཨ་པུའུ་ཧྲུའུ་ཁི་ཡུལ་གྱར་བའི་འཕྲལ་བསྟུན་ལྟེ་གནས་སུ་ཚེས12ཉིན་གྱི་སྔ་དྲོར་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གི་མེ་སྒྱོགས་འཇབ་རྒོལ་ཐེབས་པ་དང་། མི་སེར་དཀྱུས་མ14རྐྱེན་ལམ་དུ་ཤོར་དང་། མི་བཅུ་ཕྲག་འགའ་ལ་རྨས་ཕོག
གཞན་ཡང་སུའུ་ཏན་ས་གནས་རྩ་འཛུགས་ཧྥ་ཞེ་ཨར་འགོག་རྒོལ་ཨུ་ཡོན་ལྷན་ཁང་མཐུན་སྦྱོར་རྩ་འཛུགས་ཀྱིས་ཚེས12ཉིན་གསལ་སྒྲོག་སྤེལ་ཏེ། སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཉིན་དེར་ཨ་པུའུ་ཧྲུའུ་ཁི་ཡུལ་གྱར་བའི་འཕྲལ་བསྟུན་ལྟེ་གནས་སུ་མེ་སྒྱོགས་ཀྱི་འཇབ་རྒོལ་བྱས་ཏེ། མི་སེར་དཀྱུས་མ40ཙམ་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་ཕྲག་འགའ་ལ་རྨས་ཕོག་ཟེར། གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ཀྲ་མུའུ་ཀྲ་མུའུ་ཡུལ་གྱར་བའི་སྒར་སར་ཚེས12ཉིན་ཡང་བསྐྱར་སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གི་མེ་སྒྱོགས་འཇབ་རྒོལ་ཐེབས་ཀྱང་ཤི་རྨས་བྱུང་བའི་གནས་ཚུལ་གསལ་བོར་མི་ཤེས་ཟེར།
སུའུ་ཏན་གྱི་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་མིག་སྔར་ད་རུང་གོང་གི་འཇབ་རྒོལ་དོན་རྐྱེན་དེའི་ཐད་ནས་རྣམ་འགྱུར་ཅི་ཡ་བསྟན་མེད།
ཀྲ་མུའུ་ཀྲ་མུའུ་ཡུལ་གྱར་བའི་སྒར་ས་ནི་སུའུ་ཏན་གྱི་ཆེས་ཆེ་བའི་ཡུལ་གྱར་བའི་སྒར་ས་ཞིག་ཡིན་པ་དང་། ད་ལྟ་ཧ་ལམ་མི་འབུམ་ལྔ་ཙམ་ཡོད་ལ། གཙོ་བོ་སུའུ་ཏན་འཁྲུག་རྩོད་ལས་བྱུང་བའི་ས་ཁོངས་རང་གི་ཡུལ་གྱར་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།