ཝུའུ་ཁི་ལན་གྱི་ཅི་ཧྥུའུ་སྒེར་ཚུགས་ཚགས་པར་གྱིས་ཚེས12ཉིན་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་སི་པུས་ཅཱ་ཡིས་ཉིན་དེར་ཐུར་ཁེ་ནས་བསྡུས་པའི་སྐབས་བཞི་བའི་ཨན་ཐཱ་ལེ་ཡཱའི་ཕྱི་འབྲེལ་གླེང་སྟེགས་སྟེང་ནན་གྱིས་བསྟན་དོན། ཝུའུ་ཁི་ལན་ཕྱོགས་ཀྱིས་ཞི་བདེ་འདོད་ཀྱང་། གཞན་གྱིས་ཁ་ལོ་བྱེད་པའི་ཞི་བདེ་མི་དགོས་ཟེར།
མུ་མཐུད་དུ་སྤེལ་བཞིན་པའི་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་གླེང་སྐབས། སི་པུས་ཅཱ་ཡིས་ཕྱོགས་སོ་སོས་ཞི་བདེའི་འདུ་ཤེས་དེ་གང་འདོད་དུ་བཀོལ་མི་རུང་བའི་འབོད་སྐུལ་བཏང་། ཁོས་བཤད་རྒྱུར། ཝུའུ་ཁི་ལན་ཕྱོགས་ཀྱིས་ད་ལོར་འཐབ་འཁྲུག་མཇུག་སྒྲིལ་བར་རེ་བཞིན་ཡོད་ཀྱང་། གལ་ཆེ་བ་ནི་གཞན་གྱིས་ཁ་ལོ་མི་བྱེད་པའི་ཞི་བདེ་ཡིན་ཟེར།
སི་པུས་ཅཱ་ཡིས་བསྟན་དོན། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུལ་རྩོད་མཇུག་སྒྲིལ་བའི་བྱེད་ཐབས་དེས་ཡོ་རོབ་གླིང་གི་མ་འོངས་པའི་བདེ་འཇགས་སྒྲོམ་གཞི་ཐག་གཅོད་བྱེད་པ་ཡིན་པས། དུས་ཡུན་རིང་ཞིང་མངོན་གསལ་གྱི་ཞི་བདེ་མངོན་འགྱུར་བྱེད་པར་གལ་འགངས་ཆེ་ཟེར། ཁོས་ད་རུང་ཝུའུ་ཁི་ལན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པའི་མདུན་ལྗོངས་དེ་རྒྱལ་སྤྱིའི་གྲོས་རིམ་གྱི་ཕྱིར་དེད་པར་ངོ་རྒོལ་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།