ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཚེས12ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཧཱ་མཱ་སི་ཡིས་ཅཱ་ཧྲ་ས་ཁུལ་གྱི་དུས་གཏན་གྱི་འཁྲུག་རྩོད་མཚམས་འཇོག་པ་དང་དབྱི་སི་རལ་གྱི་དམག་དཔུང་ཅཱ་ཧྲ་ས་ཁུལ་ནས་ཕྱིར་འཐེན་བྱེད་པ། ཕཱ་ལེ་སི་ཐན་མི་དམངས་ཀྱི་དཀའ་སྡུག་མཇུག་སྒྲིལ་བ། བཀག་འཇུག་ཐེབས་པའི་མི་སྣའི་བརྗེ་སྤོར་བཅས་ལ་ཁག་ཐེག་བྱེད་པའི་གྲོས་གཞི་གང་རུང་ལ་རྣམ་འགྱུར་བཟང་བོ་བཟུང་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཨེ་ཅིབ་ཀྱིས་གདན་དྲངས་པ་ལྟར། ཧཱ་མཱ་སིའི་གྲོས་མོལ་འཐུས་ཚབ་ཚོགས་པ་ཉིན་དེར་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་རུ་སོང་། འཐུས་ཚབ་ཚོགས་པས་ཁེ་རོ་ནས་ཁཱ་ཐར་དང་ཨེ་ཅིབ་སོགས་བར་འདུམ་ཕྱོགས་བར་གྲོས་མོལ་བྱས་ནས་བྱ་བ་སྤེལ་རྒྱུ་ཡིན་པ་དང་། དེ་ནི་ཧུར་ཐག་སྒོས་གྲོས་མཐུན་འགོད་པ་དང་དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་མི་དམངས་ལ་བཙན་འཛུལ་བྱེད་པར་བཀག་འགོག་བྱེད་པའི་ཁག་ཅིག་ཡིན་ཟེར།
ཕཱ་ལེ་སི་ཐན་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས12ཉིན་སྤེལ་བའི་གཞི་གྲངས་ལྟར་ན། ད་ལོའི་ཟླ3པའི་ཚེས18ཉིན་གྱི་ཚུན་ལ། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་ས་ཁུལ་མང་བོར་འཇབ་རྒོལ་བྱས་པ་ལས། ཉུང་མཐར་ཡང་མི་སྟོང་གཅིག་དང་ལྔ་བརྒྱ་རེ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་བཞི་ལྷག་ལ་རྨས་ཕོག་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།