དབྱི་ལིང་དང་ཨ་མེ་རི་ཁས་ཚེས12ཉིན་ཨ་མན་གྱི་རྒྱལ་ས་མཱ་སི་ཁཱ་ཐི་ནས་བསྡུས་པའི་སྐོར་ཐེངས་དང་པོའི་གྲོས་མོལ་མཇུག་སྒྲིལ་བ་དང་། ཕྱོགས་གཉིས་ཀྱིས་གྲོས་མོལ་དེར་འཛུགས་སྐྲུན་རང་བཞིན་ལྡན་པའི་ཚུལ་བསྟན་པར་མ་ཟད་གཟའ་འཁོར་རྗེས་མར་སྐོར་ཐེངས་རྗེས་མའི་གྲོས་མོལ་སྤེལ་བར་འཐད་པ་བྱུང་།
དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡིས་ཚེས12ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མན་གྱི་འདུམ་འགྲིག་འོག་ཕྱོགས་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་དང་འཛུགས་སྐྲུན་རང་བཞིན་ལྡན་པའི་སྣང་ཚུལ་ཁྲོད་དབྱི་ལིང་གི་ཞི་བའི་ཉིང་རྡུལ་འཆར་གཞི་དང་དབྱི་ལིང་གི་ཁྲིམས་འགལ་བཀག་སྡོམ་མེད་པར་གཏོང་སོགས་ཀྱི་གནད་དོན་ཐད་ནས་རང་རང་སྲིད་གཞུང་གི་ལངས་ཕྱོགས་བརྗེ་རེས་བྱས། ཕྱོགས་གཉིས་ཀྱིས་གཟའ་འཁོར་རྗེས་མར་སྐོར་ཐེངས་རྗེས་མའི་གྲོས་མོལ་སྤེལ་བར་ཡིད་འཐད་བྱུང་ཡོད་ཟེར། གསལ་སྒྲོག་ལས་ད་རུང་དམིགས་སུ་བཀར་ནས་བསྟན་དོན། དུས་ཚོད་གཉིས་དང་ཕྱེད་ཀ་ཙམ་གྱི་བརྒྱུད་པའི་གྲོས་མོལ་མཇུག་སྒྲིལ་རྗེས། ཕྱོགས་གཉིས་ཀྱི་འཐུས་མི་ཁ་མ་བྲལ་གོང་ཨ་མན་གྱི་ཕྱི་འབྲེལ་བློན་ཆེན་པཱ་ཏི་ཨར་གྱི་མདུན་ནས་སྐར་མ་འགའི་རིང་ཁ་བརྡ་བྱས་ཟེར།
གྲོས་མོལ་མཇུག་སྒྲིལ་རྗེས། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་ལཱ་ཀི་ཆི་ཡིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཨ་མེ་རི་ཁའི་དབུས་ཤར་གནད་དོན་གྱི་ཆེད་མངག་ཕོ་ཉ་ཝེ་ཐི་ཁི་ཧྥུའུ་དང་མཉམ་དུ་འཛུགས་སྐྲུན་རང་བཞིན་ལྡན་ལ་རེ་བ་ཡོད་པའི་བརྒྱུད་པའི་གྲོས་མོལ་སྤེལ་བའི་ཚུལ་བསྟན་པ་དང་། པཱ་ཏི་ཨར་གྱི་བྱ་བར་བཀའ་དྲིན་ཞུས།
ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཚེས12ཉིན་གསལ་སྒྲོག་སྤེལ་ཏེ། གྲོས་མོལ་དེར་འཛུགས་སྐྲུན་རང་བན་ལྡན་པའི་ཚུལ་བསྟན་པ་དང་། ཨ་མན་ལ་བཀའ་དྲིན་ཞུས། ཝེ་ཐི་ཁི་ཧྥུའུ་ཡིས་གྲོས་མོལ་བྱེད་སྐབས་བཤད་རྒྱུར། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཁོ་ལ་གང་ནུས་ཀྱིས་གྲོས་མོལ་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་རྒྱལ་ཁབ་གཉིས་བར་གྱི་འགལ་བ་ཐག་གཅོད་བྱེད་དགོས་པའི་མཛུབ་སྟོན་བྱས་ཡོད་ཟེར། གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ཨ་མེ་རི་ཁ་དང་དབྱི་ལིང་བར་གྱི་གནད་དོན་ཧ་ཅང་རྙོག་འཛིང་ལྡན་པ་དང་། ཝེ་ཐི་ཁི་ཧྥུའུ་ཡི་ཐད་ཀའི་འབྲེལ་འདྲིས་ནི་གཉིས་ཕན་མཇུག་འབྲས་མངོན་འགྱུར་བྱེད་པའི་གོ་རིམ་གལ་ཆེན་ཞིག་ཡིན་ལ། ཕྱོགས་གཉིས་ཀྱིས་ཚེས19ཉིན་ཡང་བསྐྱར་གྲོས་མོལ་བྱེད་པར་འཐད་པ་བྱུང་ཡོད་ཟེར།
གཞན་ཡང་དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས12ཉིན་བསྒྲགས་པ་ལྟར་ན། ཨ་ལཱ་ཀི་ཆི་ཡིས་གྲོས་མོལ་བྱས་རྗེས་བརྙན་འཕྲིན་གྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱར། ཕྱོགས་གཉིས་ཀྱིས་ཞི་འཇགས་དང་བརྩི་འཇོག་གི་ཁོར་ཡུག་ཁྲོད་དུས་ཚོད་གཉིས་དང་ཕྱེད་ཀ་ཙམ་གྱི་རིང་ལ་བརྒྱུད་པའི་གྲོས་མོལ་བྱས་པ་དང་། འོས་འཚམ་མིན་པའི་མིང་བརྡ་གང་ཡང་བེད་སྤྱོད་བྱས་མེད་ཟེར།
ཨ་ལཱ་ཀི་ཆི་ཡིས་བདེན་དཔང་བྱས་དོན། གཟའ་འཁོར་རྗེས་མར་ཨ་མེ་རི་ཁའི་བར་སྐོར་ཐེངས་གཉིས་པའི་བརྒྱུད་པའི་གྲོས་མོལ་བྱས་ཏེ་གྲོས་མོལ་གྱི་སྒྲོམ་གཞིར་གྲོས་བསྡུར་བྱེད་རྒྱུ་ཡིན། སྐོར་ཐེངས་རྗེས་མའི་གྲོས་མོལ་དེ་མཱ་སི་ཁཱ་ཐི་ནས་སྤེལ་བའི་ངེས་པ་མེད་ཀྱང་ཨ་མན་ནི་སྔར་བཞིན་འདུམ་འགྲིག་མཁན་ཡིན་ཟེར། ཁོས་ནན་གྱིས་བསྟན་དོན། དབྱི་ལིང་གིས་དུས་ཚོད་ཆུད་ཟོས་སུ་གཏོང་འདོད་མེད་ཀྱང་། གྲོས་མོལ་དེ་ལས་སླ་མོ་ཞིག་མིན་པས་ཆོད་སེམས་བརྟན་པོ་དགོས་ཟེར།
པཱ་ཏི་ཨར་གྱིས་གྲོས་མོལ་མཇུག་སྒྲིལ་རྗེས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། གྲོས་མོལ་དེ་མཛའ་མཐུན་གྱི་སྣང་ཚུལ་ཁྲོད་སྤེལ་བ་དང་། ཨ་མན་གྱིས་མུ་མཐུད་དུ་ས་ཁུལ་དང་ཐ་ན་འཛམ་གླིང་ཡོངས་ཀྱི་ཞི་བདེ་དང་བདེ་འཇགས། གཏན་འཇགས་བཅས་མངོན་འགྱུར་བྱེད་པའི་ཐད་བྱ་བ་མང་བོ་བསྒྲུབ་རྒྱུ་ཡིན་ཟེར།
དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་པཱ་ཅཱ་ཨེ་ཡིས་ཚེས12ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། གྲོས་མོལ་དེ་མགྲོན་བདག་རྒྱལ་ཁབ་ཨ་མན་གྱི་འཆར་གཞི་འཐེན་པའི་ས་ཁུལ་ནས་སྤེལ་བ་དང་། དབྱི་ལིང་དང་ཨ་མེ་རི་ཁའི་འཐུས་མི་ཁང་བ་མི་འདྲ་བའི་ནང་བསྡད་ཡོད་ལ། ཕྱོགས་གཉིས་ཀྱིས་པཱ་ཏི་ཨར་བརྒྱུད་དེ་དབྱི་ལིང་དང་ཨ་མེ་རི་ཁ་རང་རང་གི་ལྟ་ཚུལ་དང་ལངས་ཕྱོགས་བརྒྱུད་སྒྲོག་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།