མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་ཡོངས་ཀྱི་མཚོ་ཐོག་སྐྱེལ་འདྲེན་གྱི་ཐཱན་ཕྱིར་གཏོང་མེད་པར་གཏོང་བའི་ལོ་རྒྱུས་རང་བཞིན་གྱི་གྲོས་མཐུན་གསར་བར་གྲོས་མཐུན་བཀོད།
2025.04.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

རྒྱལ་སྤྱིའི་མཚོ་དོན་རྩ་འཛུགས་ཀྱིས་ཚེས11ཉིན་ཁྱབ་བསྒྲགས་བྱས་དོན། རྒྱལ་སྤྱིའི་གྲུ་གཟིངས་ཀྱིས་སྦགས་བཙོག་བཟོ་བར་སྔོན་འགོག་བྱེད་པའི་སྤྱི་ཆིངས་ཀྱི་བཟོ་བཅོས་འཆར་ཟིན་དྲུག་པར་ཆོག་མཆན་བཀོད་པ་དང་། རྒྱལ་སྤྱིའི་མཚོ་དོན་རྩ་འཛུགས་ཀྱི་ཐཱན་ཕྱིར་གཏོང་མེད་པར་གཏོང་བའི་སྒྲོམ་གཞི་བཙན་གྱིས་ལག་བསྟར་བྱས། དེ་ནི་འཛམ་གླིང་སྟེང་ལས་རིགས་ཧྲིལ་བོའི་ཁྱབ་ཁོངས་སུ་བཙན་ཤེད་ཀྱིས་ཐཱན་ཕྱིར་གཏོང་དང་དྲོད་ཁང་གི་དྲོད་རླངས་ཕྱིར་གཏོང་བར་ཚོད་འཛིན་བྱེད་པའི་གོང་བཅད་ཟུང་འབྲེལ་བྱས་པའི་སྒྲོམ་གཞི་ཐོག་མ་ཡིན་པ་རེད།

རྒྱལ་སྤྱིའི་མཚོ་དོན་རྩ་འཛུགས་ཀྱི་རྒྱ་མཚོའི་ཁོར་ཡུག་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཚེས11ཉིན་དབྱིན་ཇིའི་ལོན་ཏོན་ནས་གྲོལ། རྒྱལ་སྤྱིའི་མཚོ་དོན་རྩ་འཛུགས་ཀྱིས་ཆོད་དོན་དེ་ཁྱབ་བསྒྲགས་བྱས་པ་རེད། སྒྲོམ་གཞི་གསར་བའི་དམིགས་འབེན་གཙོ་བོ་ནི2050ལོའི་བར་འཛམ་གླིང་ཡོངས་ཀྱི་མཚོ་ཐོག་སྐྱེལ་འདྲེན་གྱི་ཐཱན་ཕྱིར་གཏོང་མེད་པར་གཏོང་བ་མངོན་འགྱུར་བྱེད་རྒྱུ་ཡིན་པ་དང་། སྤྱིའི་ལྗིད་ཚད་ཏུན་ལྔ་སྟོང་ལས་བརྒལ་བའི་རྒྱང་བཞུད་གྲུ་གཟིངས་ཆེ་གྲས་དེའི་ཁོངས་སུ་གཏོགས་པ་ཡིན། གྲུ་གཟིངས་དེ་རིགས་ཀྱིས་མིག་སྔར་འཛམ་གླིང་ཡོངས་ཀྱི་མཚོ་ཐོག་སྐྱེལ་འདྲེན་གྱི་དབྱང་གཉིས་ཐཱན་འགྱུར་གྱི་ཕྱིར་གཏོང་གི་སྤྱིའི་ཚད་ཀྱི་བརྒྱ་ཆའི་གྱ་ལྔ་ཟིན་ཡོད།

གྲོས་མཐུན་དེའི་གྲུབ་ཆ་གཙོ་བོ་ཞིག་ནི་རྒྱལ་སྤྱིའི་མཚོ་དོན་རྩ་འཛུགས་ཀྱི་ཐཱན་མེད་པར་གཏོང་བའི་ཐེབས་རྩ་བཙུགས་པ་དེ་ཡིན། ཐེབས་རྩ་དེ་ཐཱན་གྱི་གོང་བཅད་རྐྱེན་སྲོལ་ལས་བྱུང་བའི་ཡོང་འབབ་བེད་སྤྱོད་བྱས་ཏེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་དང་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན། ཐཱན་ཉུང་གཏོང་གི་རྣམ་པ་ཅན་ལ་རྒྱབསྐྱོར་བྱེད་རྒྱུ་རེད།

བྱེད་ཐབས་དེ་དག2024ལོའི་ཟླ10བར་དངོས་སུ་རྒྱལ་སྤྱིའི་མཚོ་དོན་རྩ་འཛུགས་ཀྱི་གྲོས་ཚོགས་ལ་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་འཆར་གཞི་ཡོད་པ་དང་། གྲོས་འཆམ་བྱུང་ན2027ལོར་ནུས་ལྡན་དུ་འགྱུར་ཐུབ། ལོ་ངོ་གཉིས་ཀྱི་བར་བརྒལ་དུས་སྐབས་དེའི་དམིགས་ཡུལ་ནི་ཕྱོགས་སོ་སོར་དུས་ཚོད་འདང་ངེས་རེ་འདོན་སྤྲོད་བྱས་ཏེ། ཚོང་གཉེར་རྣམ་པ་ལེགས་བསྒྱུར་བྱས་ཏེ་ཚབ་བྱེད་འབར་རྫས་དང་ལག་རྩལ་གསར་བའི་ཐད་དངུལ་གཏོང་བྱེད་ཆེད་ཡིན་པ་རེད།

རྒྱལ་སྤྱའི་མཚོ་དོན་རྩ་འཛུགས་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་དོན་ལས་ཁུངས་ཡིན་ཞིང་། འཛམ་གླིང་ཡོངས་ཀྱི་མཚོ་ཐོག་སྐྱེལ་འདྲེན་གྱི་བདེ་འཇགས་དང་བདེ་སྲུང་གི་འགན་ཁུར་ཡོད་ལ། གྲུ་གཟིངས་དག་གིས་རྒྱ་མཚོ་དང་རླུང་ཁམས་ཆེན་མོར་སྦགས་བཙོག་བཟོ་བར་སྔོན་འགོག་བྱེད་བཞིན་ཡོད། རྩ་འཛུགས་དེ1948ལོར་བཙུགས་པ་དང་། སྤྱི་ཁྱབ་པུའུ་ལོན་ཏོན་དུ་ཡོད་ལ། རྒྱལ་སྤྱིའི་སྤྱི་ཆིངས་མང་བོ་གཏན་འབེབས་བྱས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།