ཨེ་ཀ་ཏོར་གྱི་རྒྱལ་ས་སོགས་ཞིང་ཆེན་དང་གྲོང་ཁྱེར་མང་བོས་དོགས་ཟོན་མཐོར་འདེགས་བྱས།
2025.04.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨེ་ཀ་ཏོར་གྱི་ཙུང་ཐུང་ནོའུ་བོ་ཡཱ་ཡིས་ཚེས12ཉིན་སྲིད་འཛིན་བཀའ་རྒྱ་སྤེལ་ཏེ་ཁྱབ་བསྒྲགས་བྱས་དོན། ནང་ཁུལ་གྱི་ཟིང་འཁྲུག་ཚབས་ཆེ་བའི་དབང་གིས་ཀྭ་ཡཱ་སི་ཞིང་ཆེན་དང་ལོ་སི་ལི་ཨོ་སི་ཞིང་ཆེན་སོགས་ཞིང་ཆེན་བདུན་དང་རྒྱལ་ས་ཅི་ཏའོ་གྲོང་ཁྱེར་སོགས་གྲོང་ཁྱེར་གཉིས་སུ་ཉིན་དྲུག་ཅུའི་རིང་དོགས་ཟོན་མཐོར་འདེགས་བྱེད་རྒྱུ་ཡིན་ཟེར།

སྲིད་འཛིན་བཀའ་རྒྱ་ལས་བཤད་རྒྱུར། དྲག་ཤུགས་མཐོར་འདེགས་དང་ནག་ཉེས་དང་རྩ་འཛུགས་ཡོད་པའི་དྲག་ཆས་ཚོགས་ཁག་གི་ཁྲིམས་འགལ་བྱ་འགུལ་ཇེ་མང་དུ་སོང་བའི་དབང་གིས། ཀྭ་ཡཱ་སི་ཞིང་ཆེན་དང་ལོ་སི་ལི་ཨོ་སི་ཞིང་ཆེན། མཱ་ནཱ་ཝེ་ཞིང་ཆེན། ཨོ་ལོས་ཡཱ་ནཱ་ཞིང་ཆེན། ཧྲིན་ཨེ་ལོན་ནཱ་ཞིང་ཆེན། ཨེ་ཨར་ཨོ་ལོ་ཞིང་ཆེན། སུའུ་ཁོན་པུས་ཨོ་སི་ཞིང་ཆེན། དེ་མིན་ཕིས་ཆིན་ཁྲ་ཞིང་ཆེན་གྱི་ཅི་ཏའོ་གྲོང་ཁྱེར་། ཨ་སུའུ་ཨར་ཞིང་ཆེན་གྱི་ཧྥུན་སེ་ཨིན་ལི་ཁི་སི་གྲོང་ཁྱེར། དེ་མིན་རྒྱལ་ཡོངས་ཀྱི་བཙོན་ཁང་བཅས་ལ་དུས་ཡུན་ཉིན་དྲུག་ཅུའི་རིང་དོགས་ཟོན་མཐོར་འདེགས་བྱས་ཡོད་པ་དང་། དེའི་ཞོརདུ་ཧྥུན་སེ་ཨིན་ལི་ཁི་སི་གྲོང་ཁྱེར་དང་ཀྭ་ཡཱ་སི་ཞིང་ཆེན་གྱི་ཏུའུ་ལན་གྲོང་ཁྱེར་འདུས་པའི་ས་ཁུལ་ཉེར་གཉིས་སུ་དགོང་མོའི་དུས་ཚོད་བཅུ་ནས་ཕྱི་ཉིན་གྱི་ཞོགས་པའི་དུས་ཚོད་ལྔའི་བར་མཚན་མགྲོན་འགོག་པའི་བྱེད་ཐབས་སྤྱད་ཡོད་ཟེར།

སྲིད་འཛིན་བཀའ་རྒྱ་ལས་བཤད་རྒྱུར། བྲེལ་མྱུར་དོགས་ཟོན་བྱེད་ཐབས་ལག་བསྟར་བྱེད་པའི་དམིགས་ཡུལ་ནི་དྲག་ཆས་དམག་དཔུང་དང་རྒྱལ་ཁབ་ཀྱི་ཉེན་རྟོག་པས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་སྲུང་སྐྱོབ་བྱེད་ཆེད་རོགས་འདེགས་དང་། མི་དམངས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་དང་སྤྱི་བའི་སྒྲིག་ལམ་སྲུང་སྐྱོབ་བྱེད་ཆེད་ཡིན། དེའི་སྐབས་སུ། བདེ་འཇགས་དམག་དཔུང་གིས་སྲིད་འཛིན་བཀའ་རྒྱ་དེ་ས་ཁོངས་ཧྲིལ་བོར་ཁེབས་པར་བྱས་ནད་ཞིབ་བཤེར་དང་སྔོག་བཤེར་བྱ་འགུལ་སྤེལ་ཆོག་པ་དང་། བདེ་འཇགས་དང་སྤྱི་བའི་སྒྲིག་ལམ་ལ་གནོད་པ་ཐེབས་པའི་བྱ་འགུལ་གང་རུང་གཏན་འགོག་བྱས་ཆོག་པ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།