ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་དང་འཚམས་འདྲིར་ཡོང་བའི་ཧིན་རྡུ་ཉི་ཞི་ཡཱའི་ཙུང་ཐུང་ཕུའུ་ལཱ་པའོ་བོ་གཉིས་ཀྱིས་ཚེས12ཉིན་ནན་གྱིས་བསྟན་དོན། 1967ལོའི་རྒྱལ་མཚམས་རྨང་གཞིར་བྱས་ཤིང་། ཡེ་ལུའུ་སཱ་ལེམ་ཤར་མ་རྒྱལ་སར་བྱས་པའི་སྒེར་ཚུགས་ཀྱི་ཕཱ་ལེ་སི་ཐན་རྒྱལ་ཁབ་འཛུགས་རྒྱུ་ནི་ས་ཁུལ་གྱི་ཡུན་རིང་ཞི་བདེ་དང་བདེ་འཇགས། གཏན་འཇགས་བཅས་མངོན་འགྱུར་བྱེད་པའི་ཐབས་ལམ་ཉག་ཅིག་ཡིན་ཟེར།
སེ་ཞི་ཡིས་ཉིན་དེར་རྒྱལ་ས་ཁེ་རོ་ནས་ཕུའུ་ལཱ་པའོ་བོ་དང་གྲོས་མོལ་བྱས། ཨེ་ཅིབ་ཀྱི་ཙུང་ཐུང་བཞུགས་ཤག་གིས་གྲོས་མོལ་བྱས་རྗེས་སྤེལ་བའི་གསལ་སྒྲོག་ནང་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཅཱ་ཧྲ་ས་ཁུལ་གྱི་གནས་བབ་ཐད་ནས་བསམ་འཆར་བརྗེ་རེས་བྱས། སེ་ཞི་ཡིས་ཕུའུ་ལཱ་པའོ་བོ་ལ་ཨེ་ཅིབ་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་པ་དང་ཅཱ་ཧྲའི་སྡོད་དམངས་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པའི་ཐད་བསྒྲུབས་པའི་བྱ་བ་མཚམས་སྦྱོར་བྱས། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་ནན་གྱིས་བསྟན་དོན། ཅཱ་ཧྲ་ས་ཁུལ་གྱི་མི་དམངས་ཡུལ་འཁྱམ་བྱེད་དུ་མི་འཇུག་པའི་སྔོན་འགྲོའི་ཆ་རྐྱེན་འོག་བསྐྱར་འཛུགས་འཕེལ་རིམ་མགོ་རྩོམ་དགོས་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་རྨང་གཞིའི་སྟེང་ཕྱོགས་ཡོངས་དང་ཡུན་རིང་གི་ཐག་གཅོད་ཇུས་གཞི་འགོད་དགོས་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་བསྒྲགས་གཏམ་བཀོད་དེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་འཐབ་ཇུས་གྲོགས་པོའི་འབྲེལ་བར་མཐོར་འདེགས་གཏོང་རྒྱུ་ཡིན་ཟེར། ཕྱོགས་གཉིས་ཀྱིས་ད་རུང་ཇི་ལྟར་གསོ་སྦྱོང་དང་ནུས་པའི་འཛུགས་སྐྲུན། ཆེད་ལས་ཤེས་བྱའི་བརྗེ་རེས་བཅས་ལ་བརྟེན་ནས་རྒྱལ་ཁབ་གཉིས་ཀྱི་འགོག་སྲུང་མཉམ་ལས་ལ་ཤུགས་སྣོན་བྱེད་པར་གྲོས་བསྡུར་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།