ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཉེ་སྔོན་ཨུ་རུ་སིའི་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཨུ་རུ་སི་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གི་ཐད་ཀའི་གྲོས་མོལ་དེ་ཆ་རྐྱེན་ཡོངས་སུ་གྲུབ་རྗེས་འོས་འཚམ་གྱི་དུས་སུ་སྤེལ་རྒྱུ་ཡིན། མིག་སྔར་འབྲེལ་ཡོད་ཀྱི་གྲ་སྒྲིག་བྱ་བ་ཡོངས་འགྲུབ་བྱས་མེད་ཟེར།
ཨུ་རུ་སི་རྒྱལ་ཁབ་བརྙན་འཕྲིན་རྒྱང་ཀུང་ཟིའི་བརྙན་འཕྲིན་ལེ་ཚན་གྱི་མགོ་འཛིན་པ་ཀྲ་ལུའུ་པེན་གྱིས་ཚེས13ཉིན་དྲ་ཐོག་ཏུ་ཁོས་ཕའེ་སི་ཁི་ཧྥུའུ་ལ་བཅར་འདྲི་བྱས་པའི་བརྙན་རིས་སྤེལ་ཡོད་ལ། ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སི་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་གྲོས་མོལ་བྱེད་པའི་ཆབ་སྲིད་ཀྱི་རེ་འདུན་གསལ་བོར་བསྟན་ཡོད་ཀྱང་། གྲོས་མོལ་དེ་འོས་འཚམ་གྱི་སྐབས་སུ་སྤེལ་དགོས་ལ། ང་ཚོས་དོན་དེའི་ཆེད་དུ་གྲ་སྒྲིག་གང་ལེགས་བྱེད་དགོས་ཟེར།
ཕའེ་སི་ཁི་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཉེ་སྔོན་ཧྲིན་པུས་ཏི་པའོ་ནས་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་དབུས་ཤར་གནད་དོན་གྱི་ཆེད་མངག་ཕོ་ཉ་ཝི་ཐི་ཁི་ཧྥུའུ་ལ་ཐུག་འཕྲད་བྱས་པ་དང་། དེ་ནི་རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གྲོས་མོལ་གྱི་གྲུབ་འབྲས་གལ་ཆེན་ཞིག་རེད་ཟེར།
ཕའེ་སི་ཁི་ཧྥུའུ་ཡིས་ད་རུང་བསྟན་དོན། ཨུ་རུ་སི་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཁྲོད་གནད་དོན་མང་བོ་བསགས་ཡོད་པས། རྒྱལ་ཁབ་གཉིས་ཀྱི་འབྲེལ་འདྲིས་ལ་མྱུར་དུ་གྲུབ་འབྲས་བཟང་བོ་ཐོན་ཐུབ་པར་རེ་བ་ཚད་ལས་བརྒལ་བ་བྱེད་མི་རུང་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།