དབྱི་སི་རལ་གྱི་དམག་དཔུང་གི་འགུལ་སྐྱོད་ལས་ཉིན་གཅིག་གི་ནང་ཉུང་མཐར་ཡང་མི11རྐྱེན་ལམ་དུ་ཤོར།
2025.04.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཕཱ་ལེ་སི་ཐན་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས13ཉིན་སྤེལ་བའི་གཞི་གྲངས་ལྟར་ན། འདས་པའི་དུས་ཚོད24རིང་ལ། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་བ་ལས་ཉུང་མཐར་ཡང་མི11རྐྱེན་ལམ་དུ་ཤོར་བ་དང་། མི111ལ་རྨས་ཕོག་ཡོད་ཟེར།

སྡེ་ཁག་དེས་བཤད་རྒྱུར། ད་ལོའི་ཟླ3པའི་ཚེས18ཉིན་གྱི་ཚུན་ལ། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་ས་ཁུལ་མང་བོར་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་སྟོང་གཅིག་དང་ལྔ་བརྒྱ་དོན་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་གཅིག་དང་བརྒྱ་དང་བཅོ་ལྔར་རྨས་ཕོག་ཡོད་ཟེར།

ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས13ཉིན་སྤེལ་བའི་གསལ་སྒྲོག་གཞན་པ་ཞིག་ལས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲ་མཁར་གྱི་ཨ་ཧི་ལེ་ཨ་རབ་སྨན་ཁང་ཞིག་གི་ཐོག་ཁང་ཅིག་གི་ལས་བྱེད་མི་སྣ་དང་ནད་པ་རྣམས་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན་པ་དང་། དེའི་རྗེས་སུ་ཐོག་ཁང་དེར་འགས་གཏོར་བཏང་། མིག་སྔར་མི་སྣར་ཤི་རྨས་བྱུང་བའི་སྙན་ཞུ་བསྒྲགས་མེད།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས13ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཨ་ཧི་ལེ་ཨ་རབ་སྨན་ཁང་ནང་གི་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་བཀོད་འདོམ་དང་ཚོད་འཛིན་ལྟེ་གནས་ལ་འཇབ་རྒོལ་བྱས་པ་དང་། དབྱི་སི་རལ་ཕྱོགས་ཀྱིས་ཧཱ་མཱ་སིའི་དྲག་ཆས་མི་སྣས་ལྟེ་གནས་དེ་བེད་སྤྱད་དེ་དབྱི་སི་རལ་ལ་དམིགས་པའི་འཇབ་རྒོལ་དོན་རྐྱེན་ལ་འཆར་འགོད་དང་ལག་བསྟར་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།