དབྱི་རག་གི་ཕྱི་འབྲེལ་བློན་ཆེན་གྱིས་ས་ཁུལ་གྱི་གཏན་འཇགས་ལ་སྐུལ་འདེད་གཏོང་བའི་བྱ་བར་རྒྱབ་སྐྱོར་བྱེད་རྒྱུ་བསྐྱར་སྒྲོག་བྱས།
2025.04.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་རག་གི་ཕྱི་འབྲེལ་པུའུ་ཡིས་ཚེས14ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་རག་གི་ཕྱི་འབྲེལ་བློན་ཆེན་ཧི་སེ་ཡུན་གྱིས་ཉིན་དེར་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་ལཱ་ཀི་ཆི་ལ་ཁ་པར་གཏོང་སྐབས་བསྟན་དོན། དབྱི་རག་གིས་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པར་ཕན་པའི་བྱ་བ་ཡོད་ཚད་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཨ་ལཱ་ཀི་ཆི་ཡིས་དབྱི་ལིང་དང་ཨ་མེ་རི་ཁས་ཨ་མན་གྱི་རྒྱལ་ས་མཱ་སི་ཁཱ་ཐི་ནས་སྤེལ་བའི་གྲོས་མོལ་གྱི་གྲུབ་འབྲས་གསར་བ་སྙན་ཞུ་བྱས་པ་དང་། ཕྱོགས་གཉིས་ཀྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ལ་གྲོས་བསྡུར་བྱས་ཡོད་ལ། གྲོས་མོལ་དེར་གྲུབ་འབྲས་བཟང་བོ་ཐོབ་ཡོད་ཟེར། ཁོས་ད་རུང་སྐོར་ཐེངས་གཉིས་པའི་གྲོས་མོལ་དེ་དབྱི་ཐཱ་ལེའི་རྒྱལ་ས་རོ་མཱ་ནས་སྤེལ་རྒྱུ་ཡིན་པ་དང་། ཨ་མན་གྱིས་མུ་མཐུད་དུ་བར་འདུམ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་ཁས་ལེན་བྱས།

གསལ་སྒྲོག་ལས་བཤད་རྒྱུར། ཧི་སེ་ཡུན་གྱིས་ཨ་མན་གྱིས་གྲོས་མོལ་འཕེལ་རིམ་ཁྲོད་འཛུགས་སྐྲུན་རང་བཞིན་ལྡན་པའི་ནུས་པ་བཏོན་པར་གདེང་འཇོག་ཆེན་པོ་བྱས་པར་མ་ཟད། ས་ཁུལ་གྱི་གཏན་འཇགས་ལ་སྐུལ་འདེད་གཏོང་བའི་ཐད་བསྒྲུབས་པའི་བྱ་བར་རྒྱབ་སྐྱོར་བྱེད་རྒྱུ་བསྐྱར་སྒྲོག་བྱས།

དབྱི་ལིང་དང་ཨ་མེ་རི་ཁའི་བར་གྱི་བརྒྱུད་པའི་གྲོས་མོལ་དེ་ཚེས12ཉིན་མཱ་སི་ཁཱ་ཐི་ནས་སྤེལ་བ་དང་། དེ་ནི2018ལོའི་ཟླ5བར་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་རང་གི་ཙུང་ཐུང་འགན་ཡུན་དང་པོའི་ནང་ཕྱོགས་གཅིག་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ཕྱིར་བུད་རྗེས། ཨ་མེ་རི་ཁ་དང་དབྱི་ལིང་བར་གྱི་དངོས་གཞིའི་གྲོས་མོལ་ཐོག་མ་རེད།



བསོད་ནམས་ཚེ་རིང་གིས་བསྒྱུར།