ཨུ་རུ་སིའི་འཕུར་མདའི་འཇབ་རྒོལ་ལས་ཝུའུ་ཁི་ལན་གྱི་སུའུ་མཱེ་གྲོང་ཁྱེར་ནས་མི34རྐྱེན་ལམ་དུ་ཤོར།
2025.04.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལིན་སི་ཅི་ཡིས་ཚེས13ཉིན་གྱི་དགོང་མོར་བརྙན་རིས་གཏམ་བཤད་སྤེལ་ཏེ། ཉིན་དེར་ཨུ་རུ་སིའི་དམག་དཔུང་གིས་ཝུའུ་ཁི་ལན་གྱི་སུའུ་མཱེ་གྲོང་ཁྱེར་དུ་འཕུར་མདའི་འཇབ་རྒོལ་བྱས་ཏེ། མི34རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི117ལ་རྨས་ཕོག་ཡོད་ལ། རྨས་མའི་གྲས་སུ་མི8ཀྱི་རྨས་སྐྱོན་ཚབས་ཆེན་རེད་ཟེར།

ཙེ་ལིན་སི་ཅི་ཡིས་བཤད་རྒྱུར། ཨུ་རུ་སིའི་དམག་དཔུང་གིས་ཉིན་དེར་སུའུ་མཱེ་གྲོང་ཁྱེར་དུ་འཕུར་མདའ་གཉིས་གཏོང་འཕེན་བྱས་ཏེ། ས་དེའི་སློབ་ཆེན་ཞིག་དང་བརྩེགས་རིམ་ལྔ་ཅན་གྱི་སྤྱི་ཤག་ཅིག་དང་ཚོང་ཁང་སྐོར་ཞིག་ལ་གཏོར་བཤིག་ཐེབས་ཡོད། ཉིན་དེའི་ནམ་གུང་བར་རྒུད་སྐྱོབ་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད་ཟེར།

ཚེས13ཉིན་གྱི་ཕྱི་དྲོར། ཝུའུ་ཁི་ལན་གྱི་རྒྱལ་སྲུང་པུའུ་གསང་འཕྲིན་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་པུའུ་ཏཱ་ནོའུ་ཧྥུའུ་ཡིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཨུ་རུ་སིའི་དམག་དཔུང་གིས་ཉིན་དེར་ཨུ་རུ་སིའི་མངའ་ཁོངས་ནས་སུའུ་མཱེ་གྲོང་ཁྱེར་དུ་དབྱི་སི་ཁན་ཏི་ཨར་ཞེས་པའི་འཕུར་མདའ་གཉིས་གཏོང་འཕེན་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།