ཧཱ་མཱ་སི་ཡིས་བར་འདུམ་ཕྱོགས་ཀྱི་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་སྐོར་གྱི་གྲོས་གཞི་གསར་བར་ཞིབ་འཇུག་བྱེད་བཞིན་པའི་ཚུལ་བསྟན།
2025.04.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཚེས14ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཧཱ་མཱ་སིའི་མགོ་ཁྲིད་རིམ་པས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་གྱི་བར་འདུམ་ཕྱོགས་ཀྱི་གྲོས་གཞིར་ཞིབ་འཇུག་བྱེད་བཞིན་ཡོད་པ་དང་། དགོས་གལ་ཡོད་པའི་སྐབས་སུ་གྲོས་མོལ་བྱས་ནས་མྱུར་མོར་ལན་སྟེར་རྒྱུ་ཡིན་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཧཱ་མཱ་སི་ཡིས་རང་གི་ལངས་ཕྱོགས་ཏེ། མ་འོངས་པའི་གྲོས་མཐུན་གང་ཡིན་ཡང་ངེས་པར་དུ་ཅཱ་ཧྲ་ས་ཁུལ་དུ་དུས་གཏན་གྱི་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་ཐུབ་པ་དང་། དབྱི་སི་རལ་གྱི་དམག་དཔུང་ཅཱ་ཧྲ་ས་ཁུལ་ནས་ཕྱིར་འཐེན་བྱེད་པ། བཀག་འཇུག་ཐེབས་པའི་མི་སྣའི་བརྗེ་སྤོར་གྲོས་མཐུན་འགོད་དངོས་སུ་འགོད་པ་དང་། བསྐྱར་འཛུགས་འཕེལ་རིམ་སླར་གསོ་བྱེད་པ། དེ་མིན་ཅཱ་ཧྲ་ས་ཁུལ་གྱི་མི་དམངས་དཀའ་ཁག་ལ་ཐར་དུ་འཇུག་པ་བཅས་བསྐྱར་སྒྲོག་བྱས།

མིང་བཤད་མི་འདོད་པའི་ཧཱ་མཱ་སིའི་དཔོན་རིགས་ཤིག་གིས་ཚེས14ཉིན་གསར་འགོད་པར་བཤད་རྒྱུར། བར་འདུམ་ཕྱོགས་ཀྱི་གྲོས་གཞིར་དུས་ཡུན་ཉིན་ཞེ་ལྔའི་རིང་འཁྲུག་རྩོད་མཚམས་འཇོག་པ་དང་། དེའི་སྐབས་སུ་ཧཱ་མཱ་སི་ཡིས་གསོན་ཡོད་པའི་དབྱི་སི་རལ་གྱི་བཀག་འཇུག་ཐེབས་པའི་མི་སྣ་སྐོར་ཞིག་ཕྱིར་གཏོང་དགོས་པ་སོགས་འདུས་ཡོད་ཟེར། དཔོན་རིགས་དེས་བཤད་རྒྱུར། གྲོས་གཞི་དེ་ལས་ད་རུང་ཧཱ་མཱ་སི་ཡིས་དྲག་ཆས་བསྐྱུར་དགོས་པའི་རེ་བ་བཏོན་ཡོད་ལ། དོན་ཚན་དེར་ཧཱ་མཱ་སི་ཡིས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།