ཧིན་རྡུ་ཉི་ཞི་ཡཱའི་ཙུང་ཐུང་གིས་ཕཱ་ལེ་སི་ཐན་མི་དམངས་ཀྱིས་སྒེར་ཚུགས་ཀྱི་རྒྱལ་ཁབ་འཛུགས་པའི་ཁེ་དབང་ལ་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན།
2025.04.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཅོར་ཏན་རྒྱལ་བོའི་ཕོ་བྲང་གིས་ཚེས14ཉིན་གསལ་སྒྲོག་སྤེལ་ཏེ། ཅོར་ཏན་གྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་ཉིན་དེར་ཨན་མན་ནས་ཧིན་རྡུ་ཉི་ཞི་ཡཱའི་ཙུང་ཐུང་ཕུའུ་ལཱ་པའོ་ཨོ་ལ་ཐུག་འཕྲད་བྱས། ཕུའུ་ལཱ་པའོ་ཨོ་ཡིས་བསྟན་དོན། ཧིན་རྡུ་ཉི་ཞི་ཡཱ་ཡིས་ཕཱ་ལེ་སི་ཐན་མི་དམངས་ཀྱིས་རང་གི་སྒེར་ཚུགས་ཀྱི་རྒྱལ་ཁབ་འཛུགས་པའི་ཁེ་དབང་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་སྐོར་ཐེངས་གསར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་མཚམས་འཇོག་པ་དང་། འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་སླར་གསོ་བྱེད་པ། རོགས་སྐྱོར་དངོས་རྫས་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་བར་ཆོག་མཆན་འགོད་པ། ཕཱ་ལེ་སི་ཐན་གྱི་མིས་རང་ཉིད་ཀྱི་ས་ཁོངས་བརྟན་སྲུང་བྱེད་པའི་བྱ་བར་རྒྱབ་སྐྱོར་བྱེད་པ། དེ་མིན་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི་རྨང་གཞིའི་སྟེང་དྲང་བདེན་དང་ཕྱོགས་ཡོངས་འདྲ་མཉམ་མངོན་འགྱུར་བྱེད་པའི་གལ་ཆེན་རང་བཞིན་བཅས་ལ་གྲོས་བསྡུར་བྱས་ཟེར།

ཕུའུ་ལཱ་པའོ་ཨོ་ཡིས་བཤད་རྒྱུར། ཧིན་རྡུ་ཉི་ཞི་ཡཱ་ཡིས་ཕཱ་ལེ་སི་ཐན་མི་དམངས་ཀྱིས་རང་གི་སྒེར་ཚུགས་ཀྱི་རྒྱལ་ཁབ་འཛུགས་པའི་ཁེ་དབང་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་དང་། ཧིན་རྡུ་ཉི་ཞི་ཡཱ་ཡིས་ཅོར་ཏན་ཕྱོགས་དང་མཉམ་དུ་ཕཱ་ལེ་སི་ཐན་མི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།

ཕུའུ་ལཱ་པའོ་ཨོ་ཚེས13ཉིན་ཅོར་ཏན་དུ་འབྱོར་ནས་དུས་ཡུན་ཉིན་གཉིས་རིང་གི་འཚམས་འདྲི་མགོ་བརྩམས་པ་རེད། འཚམས་འདྲིའི་སྐབས་སུ། རྒྱལ་ཁབ་གཉིས་ཀྱིས་རྒྱལ་སྲུང་མཉམ་ལས་གྲོས་མཐུན་དང་ཞིང་ལས་དང་སློབ་གསོ་སོགས་ལ་འབྲེལ་བའི་བཟོད་སྒོམ་བརྗེད་ཐོ་བཀོད།


བསོད་ནམས་ཚེ་རིང་གིས་བསྒྱུར།