འདས་པའི་དུས་ཚོད24རིང་དབྱི་སི་རལ་གྱི་དམག་དོན་འགུལ་སྐྱོད་ལས་ཉུང་མཐར་ཡང་མི22རྐྱེན་ལམ་དུ་ཤོར།
2025.04.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས16ཉིན་སྤེལ་བའི་གཞི་གྲངས་ལྟར་ན། འདས་པའི་དུས་ཚོད24རིང་། དབྱི་སི་རལ་གྱི་དམག་དཔུང་གི་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་ལས་ཉུང་མཐར་ཡང་མི22རྐྱེན་ལམ་དུ་ཤོར་བ་དང་། མི89ལ་རྨས་ཕོག་ཡོད་ཟེར།

སྡེ་ཁག་དེས་བཤད་རྒྱུར། ད་ལོའི་ཟླ3པའི་ཚེས18ཉིན་གྱི་ཚུན་ལ་དབྱི་སི་རལ་གྱི་དམག་དཔུང་གིས་འཇབ་རྒོལ་ཐེངས་མང་བོ་སྤེལ་བ་དང་། ཅཱ་ཧྲ་ས་ཁུལ་ནས་ཉུང་མཐར་ཡང་མི་སྟོང་གཅིག་དང་དྲུག་བརྒྱ་ང་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་བཞི་དང་སུམ་བརྒྱ་གོ་གཅིག་ལ་རྨས་ཕོག་ཡོད་ཡོད་ཟེར།

དེ་ལས་གཞན་ཕཱ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཡིས་ཚེས16ཉིན་གསལ་སྒྲོག་ཐུང་ངུ་ཞིག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཅེ་ཉིང་བྱང་མ་ས་ཁུལ་ནས་ཕཱ་ལེ་སི་ཐན་གྱི་ན་གཞོན་སྐྱེས་པ་གཉིས་བསད་ཟེར། ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཁོ་ཚོ་སྦས་སྐོང་བྱེད་སའི་རྡོ་སྔོག་འདོན་བྱེད་སའི་བྲག་ཕུག་གི་མཐའ་བསྐོར་ནས་མེ་མདས་བརྒྱབ་པ་རེད་ཟེར།

དབྱི་སི་རལ་གྱི་ཉེན་རྟོག་ཕྱོགས་ཀྱིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་ཉེན་རྟོག་ཕྱོགས་དང་རྒྱལ་ཁབ་བདེ་འཇགས་སྤྱི་ཁྱབ་ཅུའུ། དབྱི་སི་རལ་རྒྱལ་སྲུང་དམག་དཔུང་བཅས་ཀྱིས་མཉམ་འབྲེལ་འགུལ་སྐྱོད་སྤེལ་ནས། ཅེ་ཉིང་ས་ཁུལ་གྱི་བྲག་ཕུག་ཅིག་ཏུ་དྲག་ཆས་ཉེས་ཅན་མང་བོའི་བར་འཁྲུག་རྩོད་བྱས་ཏེ། མི་གཉིས་བསད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།