མཱ་ཁི་ལུང་གིས་ཨ་རི་དང་ཝུའུ་ཁི་ལན། ཡོ་རོབ་བཅས་ཀྱིས་ཧྥ་རན་སིར་ཝུའུ་ཁི་ལན་གྱི་གནད་དོན་ལ་གྲོས་མོལ་བྱས་པར་དགེ་མཚན་རང་བཞིན་ལྡན་ཟེར།
2025.04.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས17ཉིན་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་སྨྱན་སྦྱོར་སྟེང་རྩོམ་ཡིག་སྤེལ་ནས་བཤད་རྒྱུར། ཨ་རི་དང་ཝུའུ་ཁི་ལན། ཧྥ་རན་སི་དང་། དབྱིན་ཇི། འཇར་མན་བཅས་ཀྱི་འཐུས་མིས་ཉིན་དེར་ཕ་རི་སི་རུ་ཝུའུ་ཁི་ལན་གྱི་གནད་དོན་ཐད་གྲོས་མོལ་བྱས་པ་དང་། གྲོས་མོལ་དེ་ནི་དགེ་མཚན་ལྡན་པ་ཞིག་རེད་ཟེར།

ཉིན་དེར་མཱ་ཁི་ལུང་གིས་འཚམས་འདྲིར་ཡོང་བའི་ཨ་རིའི་རྒྱལ་དོན་བློན་ཆེན་ལུའུ་པིས་ཨའོ་དང་ཐུག་འཕྲད་བྱས་པ་དང་།  ལུའུ་པིས་ཨའོ་ཡིས་ཉིན་དེར་ཝུའུ་ཁི་ལན་དང་ཧྥ་རན་སི། དབྱིན་ཇི་བཅས་རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་པུའུ་ཀྲང་དང་འཇར་མན་ཕྱི་འབྲེལ་པུའུ་ཡི་དཔོན་རིགས་དང་མཉམ་དུ་ཚོགས་འདུ་བསྡུས་ནས་ཝུའུ་ཁི་ལན་གྱི་གནད་དོན་ལ་གྲོས་མོལ་བྱས་པ་རེད།

ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཀྲང་པ་ལུའོ་ཡིས་སྨྱན་སྦྱོར་བརྒྱུད་ནས་བསྟན་དོན། དེ་ནི་ཨ་རི་དང་ཝུའུ་ཁི་ལན། ཡོ་རོབ་བཅས་ཐོག་དང་པོར་སྒྲོག་ཙེ་གཅིག་གི་མདུན་དུ་བསྡད་ནས་ཝུའུ་ཁི་ལན་གྱི་གནད་དོན་ལ་གྲོས་མོལ་བྱས་པ་ཡིན་ཞིང་།  རྗེས་མཐུད་གྲོས་མོལ་དེ་གཟའ་འཁོར་རྗེས་མར་དབྱིན་ཇིའི་ལོན་ཏོན་དུ་བྱེད་རྒྱུ་ཡིན་ཞེས་བཤད།

ལུའུ་པིས་ཨའོ་ཡིས་སྨྱན་སྦྱོར་སྟེང་རྩོམ་ཡིག་སྤེལ་ནས།  ཁོའི་ཐེངས་དིའི་འཚམས་འདྲི་ནི་ཨུ་རུ་སུ་དང་ཝུའུ་ཁི་ལན་གྱི་གདོང་ཐུག་མཇུག་བསྒྲིལ་བ་དང་། དངོས་སུ་ལག་བསྟར་བྱེད་ཆོག་པའི་ཇུས་གཞི་ཞིག་འཚོལ་རྒྱུ་དེ་ཡིན་ཞེས་བཤད།         གཞན་ཡང་ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པས་བཤད་པ་ལྟར་ན། ལུའུ་པིས་ཨའོ་ཡིས་ཉིན་དེར་ད་དུང་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལ་ཧྥུའུ་ལུའོ་ཧྥུའུ་ལ་ཁ་པར་བཏང་སྟེ་ཁོ་ལ་ཕ་རི་སིའི་གྲོས་མོལ་གནས་ཚུལ་བརྡ་ཁྱབ་བཏང་པ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།