ཀྲུང་གོའི་འཐུས་མིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་འབད་བརྩོན་བྱས་ནས་ ཨ་ཧྥེ་རི་ཁ་གླིང་གི་མཚེའུ་ཆེན་པོའི་ས་ཁུལ་གྱི་ཉེན་ཁའི་འཕེལ་ཕྱོགས་ལ་འགྱུར་བ་གཏོང་རྒྱུའི་འབོད་སྐུལ་བཏང་།
2025.04.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས16ཉིན་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་བྱེད་པའི་ཀྲུང་གོའི་འཐུས་མི་ཧྥུའུ་ཚུང་གིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་མཚེའུ་ཆེན་པོའི་ས་ཁུལ་གྱི་གནད་དོན་ཁྱབ་བསྒྲགས་ཚོགས་འདུའི་སྟེང་བསྟན་དོན།  ཉེ་ལམM23ལས་འགུལ་གྱིས་མུ་མཐུད་དུ་ཕར་རྒོལ་བྱས་པས་ཁོང་ཀོའི་ཤར་རྒྱུད་དུ་དམག་འཁྲུག་རྒྱུན་ཆད་མེད་པར་བྱུང་ནས་མཚེའུ་ཆེན་པོའི་ས་ཁུལ་ཧྲིལ་པོ་གཡོ་འགུལ་གྱི་གནས་སུ་གྱར་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་མཉམ་དུ་འབད་བརྩོན་དང་ནུས་ཤུགས་གཅིག་སྒྲིལ་གྱིས་མཉམ་ལས་བྱས་ནས་ཉེན་ཁ་ཆེ་བའི་འཕེལ་ཕྱོགས་དེ་ལ་མྱུར་དུ་འགྱུར་ལྡོག་གཏོང་དགོས་པར་བསྟན།

ཧྥུའུ་ཚུང་གིས་གིས་ནན་གྱིས་བསྟན་དོན།  དམག་འཁྲུག་མྱུར་དུ་མཚམས་འཇོག་པ་མངོན་འགྱུར་བྱས་ནས། གདོང་ཐུག་དེ་མུ་མཐུད་དུ་ཛ་དྲག་ཏུ་འགྲོ་བར་སྔོན་འགོག་བྱེད་དགོས། ཁོང་ཀོའི་ཤར་རྒྱུད་ཀྱི་དམག་འཁྲུག་གི་མེ་ལྕེ་དེ་ཉིན་གཅིག་ལ་མཚམས་མ་བཞག་ན་མཚེའུ་ཆེན་པོའི་ས་ཁུལ་ཉིན་གཅིག་ལ་བདེ་འཇགས་ཡོང་མི་ཐུབ། ཀྲུང་གོ་ཕྱོགས་ཀྱིསM23ལས་འགུལ་གྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་དང་ས་ཁུལ་རྩ་འཛུགས་ཀྱི་དམག་འཁྲུག་མཚམས་འཇོག་པའི་བླང་བྱ་དོན་འཁྱོལ་བྱས་ནས། དམག་དོན་རྒྱ་བསྐྱེད་པའི་བྱེད་ཐབས་མཐའ་དག་མྱུར་དུ་མཚམས་བཞག་ནས། ཆ་རྐྱེན་མེད་པའི་བཙན་བཟུང་ཁུལ་ཚང་མ་ཕྱིར་འཐེན་བྱ་རྒྱུའི་སྐུལ་མ་བཏང་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་རྒྱལ་ཁབ་ཀྱིས《ཡ་ཏི་སི་ཡ་པེ་པའི་སྒྲོམ་གཞིའི་ཡིག་ཆའི》དགོངས་དོན་གཞིར་བཟུང་སྟེ། ཁྱིམ་མཚེས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བརྩི་འཇོག་བྱས་ནས། ཁོང་ཀོའི་མངའ་ཁོངས་ཀྱི་དྲག་ཆས་རྩ་འཛུགས་ལ་རྒྱབ་སྐྱོར་བྱེད་པ་མཐའ་དག་མཚམས་འཇོག་དགོས་པའི་འབོད་སྐུལ་གཏོང་བཞིན་ཡོད་པ་དང་། ས་ཁུལ་དང་རྒྱལ་ཁབ་ཚང་མས་ཛ་དྲག་ཏུ་འགྱུར་སྲིད་པའི་བྱ་སྤྱོད་མི་སྤེལ་བར་ཕན་ཚུན་ཡིད་ཆེས་བྱས་ནས་ས་ཁུལ་གྱི་དུས་བབ་ཞི་འཇགས་སུ་གཏོང་བར་མཉམ་དུ་འབད་བརྩོན་བྱ་རྒྱུའི་རེ་བ་འདོན་བཞིན་ཡོད་ཟེར།

ཧྥུའུ་ཚུང་གིས་བསྟན་དོན། ཁོང་ཀོའི་ཤར་རྒྱུད་ཀྱི་གདོང་ཐུག་ལ་དམག་དོན་ཐག་གཅོད་ཀྱི་ཇུས་གཞི་མེད་པ་དང་ཆབ་སྲིད་གྲོས་མོལ་ནི་ཐབས་ལམ་ཉག་ཅིག་ཡིན།  ཉེ་ལམ་ཨ་ཧྥེ་རི་ཁ་ཤར་མའི་ཐུན་མོང་སྒྲིག་གཞི(ཤར་ཕྱོགས་ཐུན་མོང་སྒྲིག་གཞི)དང་ཨ་ཧྥེ་རི་ཁ་ལྷོ་མའི་ལྷོ་རྒྱུད་འཕེལ་རྒྱས་ཐུན་མོང་སྒྲིག་གཞི(ལྷོ་ཕྱོགས་ཐུན་མོང་སྒྲིག་གཞི)ཡི་མགོ་ཁྲིད་པས་མཉམ་འབྲེལ་རྩེ་ཚོགས་ཐེངས་གཉིས་བསྡུས་ནས་། ཁོང་ཀོའི་ཤར་རྒྱུད་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུའི་ཐད་ལམ་ཐིག་དཔེ་རིས་བཟོས་ནས་མཐུན་སྦྱོར་པའི་ཚོ་ཆུང་བཙུགས་པ་རེད། ཁ་ཐར་གྱིས་ཁོང་ཀོ(ཅིན)དང་རུ་ཝང་ཏའི་མགོ་ཁྲིད་པས་ཏོ་ཧ་རུ་ཕྱོགས་གསུམ་གྱི་ཚོགས་འདུ་བསྡུ་བར་སྐུལ་འདེད་བཏང་བ་དང་། ཁོང་ཀོ(ཅིན)སྲིད་གཞུང་གིསM23ལས་འགུལ་དང་ཐད་ཀར་འབྲེལ་གཏུག་བྱས་པ་དེ་དག་ཚང་མ་ནི། མི་རྣམས་ལ་སྐུལ་མ་ཐེབས་པའི་དགེ་མཚན་ལྡན་པའི་འཕེལ་ཕྱོགས་ཤིག་རེད། ཀྲུང་གོ་ཕྱོགས་ཀྱིས་རུ་ཝང་ཏ་དང་ཁོང་ཀོ་ཕྱོགས་གཉིས་ཀྱིས་ས་ཁུལ་དང་རྒྱལ་སྤྱིའི་རོགས་ཟླའི་འབད་བརྩོན་གྱི་འདུམ་སྒྲིག་དེ་ལྷག་བསམ་རྣམ་དག་གིས་དང་ལེན་བྱས་ནས།  གྲོས་མོལ་བྱས་པ་བརྒྱུད་ཕན་ཚུན་གྱི་བདེ་འཇགས་གནད་དོན་ཐག་གཅོད་བྱས་ཏེ་སྔ་མོ་ནས་ཡུན་རིང་གི་ཞི་བདེའི་ཇུས་གཞི་འགོད་པའི་རེ་བ་ཡོད།  རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥེ་རི་ཁའི་བྱེད་ཐབས་སྤྱད་དེ། ཨ་ཧྥེ་རི་ཁའི་གནད་དོན་ཐག་གཅོད་བྱ་རྒྱུར་མུ་མཐུད་དུ་རྒྱབ་སྐྱོར་བྱ་རྒྱུ་དང་ཨ་ཧྥེ་རི་ཁའི་མནའ་འབྲེལ་དང་། ཤར་ཕྱོགས་ཐུན་མོང་ཚོགས་པ།  ཨ་ཧྥེ་རི་ཁ་ལྷོ་མའི་ཐུན་མོང་ཚོགས་པ།  དེ་མིན་ས་ཁོངས་ཕྱི་རོལ་གྱི་རོགས་ཟླས་ཕན་ཚུན་མཐུན་སྦྱོར་བྱེད་པར་ཤུགས་སྣོན་རྒྱག་པར་འབོད་སྐུལ་གཏོང་བཞིན་ཡོད།

ཧྥུའུ་ཚུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་ཕྱོགས་བསྡུས་ཐབས་ཇུས་ལག་བསྟར་བྱས་ཏེ། མཚེའུ་ཆེན་པོའི་ས་ཁུལ་གྱི་རྒྱལ་ཁབ་མ་ལག་གིས་བདེ་འཇགས་མཚལ་ཡིག་དང་། བཅོས་སྐྱོང་མི་འདང་བ། འཕེལ་རྒྱས་དོ་མཉམ་མིན་པ་སོགས་ཀྱི་འབྱུང་རྩའི་གནད་དོན་ཐག་གཅོད་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས།《ཡ་ཏི་སི་ཡ་པེ་པའི་སྒྲོམ་གཞིའི་ཡིག་ཆ》ནི་ས་ཁུལ་གྱི་གདོང་ཐུག་གི་འབྱུང་རྩ་ཐག་གཅོད་བྱེད་པའི་ཆེས་ཁྱོན་ཡོངས་ཀྱི་ལམ་སྲོལ་ཞིག་ཡིན་པས། མིག་སྔའི་དུས་བབ་འོག་ལག་ཆ་གལ་ཆེན་འདི་བསྐྱར་དུ་སླར་གསོ་བྱེད་པར་དགོས་གལ་ཤིན་ཏུ་ཆེ་བ་མངོན་གསལ་རེད།  ཀྲུང་གོ་ཕྱོགས་ཀྱིས་མིང་རྟགས་འགོད་མཁན་རྒྱལ་ཁབ་ཀྱིས《སྒྲོམ་གཞིའི་ཡིག་ཆའི》འཕེལ་རིམ་སླར་གསོ་བྱེད་པར་རྒྱབ་སྐྱོར་བྱས་ནས། ས་ཁུལ་གྱི་ཞི་བདེ་ལ་སྒུལ་ཤུགས་གསར་པ་སྣོན་དགོས་པའི་འབོད་སྐུལ་གཏོང་བཞིན་ཡོད།  ཀྲུང་གོས་ས་ཁུལ་དང་རྒྱལ་ཁབ་ཀྱི་ཕྱོགས་ཡོངས་ཀྱི་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་སྟེ། མཚེའུ་ཆེན་པོའི་ས་ཁུལ་གྱི་ཡུན་རིང་ཞི་བདེ་དང་འཕེལ་རྒྱས་དར་རྒྱས་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།

གཡང་འབུམ་རྒྱལ་གྱིས་བསྒྱུར།