ཉེ་ལམ་ཨོ་སི་ཁྲུ་ལི་ཡའི་རིག་མཛོད་ལུའོ་དབྱི་ཞིབ་འཇུག་སུའོ་ཡིས་ཁྱབ་བསྒྲགས་བྱས་པའི་དམངས་འདོད་བརྟག་དཔྱད་ཀྱི་གཞི་གྲངས་ལས་མངོན་པ་ལྟར་ན། ཨ་རིས་འགན་འཁྲི་འཁུར་བའི་སྒོ་ནས་འཛམ་གླིང་སྟེང་བྱ་སྤྱོད་སྤེལ་ཐུབ་པར་ཨོ་སི་ཁྲུ་ལི་ཡ་མི36%ལས་ཡིད་ཆེས་བྱེད་ཀྱི་མེད་པ་དེ་ནི། སྒྲིག་གཞི་དེས་དམངས་འདོད་བརྟག་དཔྱད་དེ་སྤེལ་བའི་ལོ20ཡི་རིང་དུ་བཅར་འདྲི་བྱེད་ཡུལ་གྱིས་ཨ་རིར་ཡིད་ཆེས་བྱེད་པའི་ཆུ་ཚད་ཆེས་དམའ་ཤོས་དེ་རེད།
ལུའོ་དབྱི་ཞིབ་འཇུག་སུའོ་ཡིས2025ལོའི་ཟླ3པའི་ཚེས3ཉིན་ནས་ཚེས16ཉིན་བར། ཨོ་སི་ཁྲུ་ལི་ཡའི་ས་གནས་སོ་སོའི་མི་དར་མ2117ལ་འབྲེལ་ཡོད་དམངས་འདོད་བརྟག་དཔྱད་བྱས་པ་དང་འབྲས་བུ་ཆ་ཚང་ཟླ6པར་ཁྱབ་བསྒྲགས་བྱ་རྒྱུ་རེད།
གོང་གསལ་གྱི་དམངས་འདོད་བརྟག་དཔྱད་ལས་མངོན་པ་ལྟར་ན། བརྟག་དཔྱད་ནང་ཞུགས་པའི་ཨོ་སི་ཁྲུ་ལི་ཡའི་མང་ཚོགས་སུམ་ཆའི་གཉིས་ཙམ་གྱིས་ཁོ་ཚོས་ཨ་རིས་འགན་འཁྲི་འཁུར་བའི་སྒོ་ནས་བྱ་སྤྱོད་སྤེལ་སྲིད་པར་ཡིད་ཆེས་དེ་ཙམ་མེད་པ་དང་ཡང་ན་ཡིད་ཆེས་གཏན་ནས་མེད་ཅེས་བཤད་པ་རེད། དེའི་ཁྲོད་ཡིད་ཆེས་གཏན་ནས་མེད་ཅེས་ལན་འདེབས་མཁན་གྱིས་བཟུང་བའི་བསྡུར་ཚད་ཅུང་མཐོ་བ་སྟེ། 2024ལོའི16%ནས་ད་ལོའི32%ལ་འཕར་ཡོད།
དམངས་འདོད་བརྟག་དཔྱད་ལས་དུས་མཚུངས་སུ་མངོན་པ་ལྟར་ན། བཅར་འདྲི་དང་ལེན་བྱེད་མཁན81%གིས་ཨ་རིའི་ཐི་ལིང་ཕུའུ་སྲིད་གཞུང་གིས་སྒོ་ཁྲལ་སྤྱད་དེ་རྒྱལ་ཁབ་སོ་སོར་གནོན་ཤུགས་སྤྲད་པར་མོས་མཐུན་བྱེད་ཀྱི་མེད། གཞན་ཡང་བཅར་འདྲི་དང་ལེན་བྱེད་མཁན་བཞི་ཆའི་གསུམ་ཙམ་གྱིས་ཨ་རི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་འབྲེལ་ཡོད་གྲོས་མཐུན་ལས་ཕྱིར་འཐེན་བྱེད་པའི་བྱེད་སྟངས་ལ་མོས་མཐུན་བྱེད་ཀྱི་མེད་པ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།