མཉམ་འབྲེལ་རྒྱལ་ཚོགས་བཟོ་ལས་འཕེལ་རྒྱས་རྩ་འཛུགས་ཀྱིས་ཨ་རིས་སྒོ་ཁྲལ་གང་བྱུང་དུ་སྤྱོད་པའི་བྱེད་སྟངས་ནི་ནོར་འཁྲུལ་ཞིག་རེད་ཟེར།
2025.04.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས18ཉིན་མཉམ་འབྲེལ་རྒྱལ་ཚོགས་བཟོ་ལས་འཕེལ་རྒྱས་རྩ་འཛུགས་ཀྱིས་དྲ་ཚིགས་སྟེང་རྩོམ་ཡིག་སྤེལ་ནས་བཤད་རྒྱུར། ཨ་རི་ཕྱོགས་ཀྱིས་སྒོ་ཁྲལ་གང་བྱུང་དུ་སྤྱོད་པའི་བྱེད་སྟངས་ནི་ནོར་འཁྲུལ་ཞིག་ཡིན་པས་འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་དང་ཐོན་ལས་འཕེལ་རྒྱས་ལ་ཉེན་ཁ་ཧ་ཅང་ཆེན་པོ་བཟོ་བ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་དར་རྒྱས་མིན་པའི་རྒྱལ་ཁབ་སོགས་ཚང་མ་གོ་ལ་ཧྲིལ་པོའི་ཉོ་ཚོང་ནང་གང་ལེགས་སྒོས་ཞུགས་ཐུབ་པའི་མི་སྦས་ཤུགས་ཉམས་ཞན་དུ་གཏོང་བ་དང་། རྒྱལ་ཁབ་དེ་དག་གི་བཟོ་ལས་དེང་རབས་ཅན་དང་དཔལ་འབྱོར་སྣ་མང་ཅན་གྱི་འབད་བརྩོན་ཉམས་དམས་སུ་བཏང་བ་ཞིག་རེད།

རྩོམ་ཡིག་ནང་བསྟན་དོན། སྒོ་ཁྲལ་སྣོན་བསྡུ་བྱས་ཚེ་བཟོ་ལས་ཐོན་སྐྱེད་ཀྱི་མ་རྩ་མཐོ་རུ་འགྲོ་བ་དང་། དཔལ་འབྱོར་གྱི་ལས་ཕྱོད་དམའ་རུ་འགྲོ་བ། ཉོ་ཚོང་གི་ཁེ་སྤོགས་ཉམས་དམས་སུ་གཏོང་བ། འགྲན་རྩོད་ནུས་པ་ཉམས་ཞན་དུ་གྱུར་ནས་མཐར་གོ་ལ་ཧྲིལ་པོའི་ལས་ཞུགས་ལ་ཉེན་ཁ་བཟོ་སྲིད་པར་མ་ཟད། དཔལ་འབྱོར་ཉམས་ཞན་གྱི་རྒྱལ་ཁབ་ལ་རྡུང་རྡེག་ཚབས་ཆེན་བཟོ་སྲིད་ཅེས་འཁོད་ཡོད་པ་རེད། སྒོ་ཁྲལ་ཁ་སྣོན་གྱིས་ད་དུང་ཐོན་ལས་གཙོ་བོའི་ཉོ་ཚོང་ལ་ཕོག་ཐུག་བཏང་ནས་གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་ལ་ཟིང་ཆ་བཟོ་སྲིད། སྲུང་སྐྱོང་རིང་ལུགས་ཀྱིས་ལས་ཞུགས་ལས་གནས་དང་དཔལ་འབྱོར་གོ་སྐབས་ཉུང་དུ་གཏོང་བ་དང་།  བཟོ་ལས་ཅན་གྱི་འཕེལ་རིམ་ཇེ་དལ་དུ་གཏོང་བ། དབུལ་པོ་ཉུང་གཏོང་ལ་འབད་བརྩོན་བྱེད་པར་འགོག་རྐྱེན་བཟོ་རྒྱུ་རེད། སྒོ་ཁྲལ་སྣོན་བསྡུ་བྱས་ན་དཔལ་འབྱོར་མ་གཞི་ནས་ཉམས་ཞན་ཡིན་པའི་རྒྱལ་ཁབ་དེ་དག་ལ་ཕོག་ཐུག་གཏོང་བར་མ་ཟད། སྒོ་ཁྲལ་ལག་བསྟར་བྱེད་མཁན་རྒྱལ་ཁབ་རང་ངོས་ལའང་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་དང་། ད་དུང་ས་བབ་ཆབ་སྲིད་ཀྱི་ཛ་དྲག་གི་དུས་བབ་དང་ངེས་གཏན་མིན་པའི་རང་བཞིན་ཇེ་དྲག་ཏུ་འགྲོ་ངེས་རེད། ཨ་རིས་སྒོ་ཁྲལ་སྣོན་བསྡུ་བྱེད་པ་ནི་དོན་དངོས་ལ་བརྟེན་པ་ཞིག་མིན་ལ་སྔོན་དཔག་གི་ཕན་འབྲས་ཀྱང་ཐོབ་མི་སྲིད།

བཟོ་ལས་འཕེལ་རྒྱས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་མུའུ་ལེ་ཡིས་བསྟན་དོན། རྒྱལ་ཁབ་སོ་སོས་དེ་ལས་དྲང་གཞག་དང་རྒྱུན་མཐུད་ཐུབ་པའི་གོ་ལ་ཧྲིལ་པོའི་དཔལ་འབྱོར་མ་ལག་འཛུགས་རྒྱུར་གཞོལ་དགོས་པ་ལས་ཚོང་དོན་ལ་བཀག་རྒྱ་བཟོ་མི་རུང་།  ཨ་རི་འཕེལ་རྒྱས་མཉམ་ལས་དང་དཔལ་འབྱོར་མཉམ་ལས་ནས་ཕྱིར་བུད་པ་དང་ཐུན་མོང་གི་འགན་འཁྲི་འཁུར་རྒྱུ་དང་ལེན་མ་བྱས་པར་བརྟེན།  བཟོ་ལས་ཅན་གྱི་རྒྱལ་ཁབ་ཁག་ཅིག་གིས་ལད་མོ་བྱེད་མགོ་བརྩམས་པར་མ་ཟད། རང་ཉིད་ཀྱི་ཁས་ལེན་དོར་མགོ་བརྩམས་ཡོད། ཨ་རི་དང་བཅས་པའི་བཟོ་ལས་ཅན་གྱི་རྒྱལ་ཁབ་ཚང་མས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་གཉིས་ཕན་མཉམ་རྒྱལ་བྱས་ཏེ། སྔར་ལས་དྲང་གཞག་དང་སྔར་ལས་རྒྱུན་མཐུད་ཐུབ་པའི་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཛུགས་སྐྲུན་བྱས་ཏེ། རྒྱལ་ཁབ་ཡོད་ཚད་ཡུན་རིང་དར་རྒྱས་འབྱུང་བར་ཁག་ཐེག་བྱེད་པ་ལས། འཕེལ་རྒྱས་ལ་མ་དངུལ་གཏོང་ཚད་རྒྱུན་ཆད་མེད་པར་ཇེ་ཉུང་དུ་གཏོང་བ་དང་སྲུང་སྐྱོང་རིང་ལུགས་ཀྱི་ཕྱོགས་སུ་བསྐྱོད་མི་རུང་།

རྩོམ་ཡིག་ནང་ནན་གྱིས་བསྟན་དོན། སྲུང་སྐྱོང་རིང་ལུགས་དང་ཚོང་དོན་བཀག་རྒྱ་ནི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་ཞིག་མིན། བཟོ་ལས་འཕེལ་རྒྱས་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་པོའི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ།  ཐུན་མོང་སྒོས་སྔར་ལས་དྲང་གཞག་དང་རྒྱུན་མཐུད་ཀྱི་རྒྱལ་སྤྱིའི་ཚོང་དོན་དང་དཔལ་འབྱོར་མ་ལག་བསྐྲུན་ནས། རྒྱལ་ཁབ་སོ་སོ་དང་ལྷག་པར་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་དར་རྒྱས་མིན་པའི་རྒྱལ་ཁབ་ལ་གོ་ལ་ཧྲིལ་པོའི་དཔལ་འབྱོར་ཁྲོད་ཁེ་ཕན་གང་ལེགས་ཐོབ་པར་འབོད་སྐུལ་བཏང་།

གཡང་འབུམ་རྒྱལ་གྱིས་བསྒྱུར།