ཐི་ལིང་ཕུའུ་ཡིས་ཝུའུ་ཁི་ལན་གྱི་གནད་དོན་སྐོར་གྱི་གྲོས་མོལ་ལ་དུས་ཡུན་ཐུང་ངུའི་ནང་འཕེལ་རིམ་གསར་པ་མེད་ཚེ་ཨ་རི་འདུམ་སྒྲིག་ནང་ཞུགས་རྒྱུ་མིན་ཟེར།
2025.04.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས18ཉིན་ཨ་རིའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་གལ་ཏེ་ཝུའུ་ཁི་ལན་གྱི་གནད་དོན་ལ་དམིགས་པའི་གྲོས་མོལ་ལ་དུས་ཡུན་ཐུང་ངུའི་ནང་འཕེལ་རིམ་གསར་པ་མེད་ཚེ་ཨ་རི་འདུམ་སྒྲིག་ནང་ཞུགས་རྒྱུ་མིན་ཟེར།

ཉིན་དེར་ཐི་ལིང་ཕུའུ་ཡིས་ཕོ་བྲང་དཀར་པོ་ནས་གསར་འགོད་པར་བཤད་རྒྱུར། གལ་ཏེ་ཕྱོགས་གཅིག་གམ་ཕྱོགས་གཉིས་ཀྱིས་གྲོས་མོལ་ལ་དཀའ་ངལ་ཧ་ཅང་ཆེན་པོ་བཟོས་ཚེ་ང་ཚོ་དེའི་ནང་ཞུགས་མི་སྲིད་ཅེས་བཤད་པ་རེད།

ཉིན་དེར་ཐི་ལིང་ཕུའུ་ཡིས་ད་དུང་དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐ་མོ་ལ་ཁ་པར་བཏང་ནས་ཕྱོགས་གཉིས་ཀྱིས་ཉོ་ཚོང་དང་ཝུའུ་ཁི་ལན་གྱི་གནད་དོན། དབུས་ཤར་ས་ཁུལ་གྱི་དུས་བབ་སོགས་ལ་གྲོས་བསྡུར་བྱས་པ་རེད།

ཚེས17ཉིན་ཨ་རིའི་རྒྱལ་དོན་བློན་ཆེན་ལུའུ་པི་ཨའོ་ཡིས་ཧྥ་རན་སེའི་ཕ་རི་སི་རུ་ཝུའུ་ཁི་ལན་དང་ཧྥ་རན་སི། དབྱིན་ཇི། འཇར་མན་བཅས་ཀྱི་དཔོན་རིགས་དང་ མཉམ་དུ་ཝུའུ་ཁི་ལན་གྱི་གནད་དོན་སྐོར་ལ་གྲོས་མོལ་བྱས་པ་རེད། ཚེས18ཉིན་ཁོ་ཧྥ་རན་སི་ནས་ཁ་བྲལ་སྐབས་གནམ་གྲུ་ཐང་དུ་སྨྱན་བྱད་བརྒྱུད་ནས་ཝུའུ་ཁི་ལན་གྱི་གནད་དོན་སྐོར་གྱི་གྲོས་མོལ་དེ་ཐོག་མཐའ་བར་གསུམ་དུ་འཕེལ་མེད་སོར་གནས་བྱེད་མི་རུང་། གལ་སྲིད་དུས་ཡུན་ཐུང་ངུའི་ནང་ཨུ་རུ་སུ་དང་ཝུའུ་ཁི་ལན་གྱི་བར་གཅིག་མཐུན་བྱུང་བའི་བརྡ་རྟགས་མ་མཐོང་ཚེ། ཨ་རི་ཕྱོགས་ཀྱིས་མུ་མཐུད་དུ་མཚམས་སྦྱོར་བྱེད་མི་སྲིད་ཅེས་བཤད། རྒྱུས་ལོན་བྱུང་བ་ལྟར་ན། ཚེས17ཉིན་ཕ་རི་སིའི་གྲོས་མོལ་ཁྲོད་ཞུགས་པའི་འབྲེལ་ཡོད་རྒྱལ་ཁབ་ཀྱི་འཐུས་མིས་གཟའ་འཁོར་རྗེས་མར་དབྱིན་ཇིའི་ལོན་ཏོན་དུ་མུ་མཐུད་དུ་གྲོས་མོལ་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།

ཨ་རིའི་སྨྱན་བྱད་ཀྱིས་ཝུའུ་ཁི་ལན་གྱི་གནད་དོན་ལ་དམིགས་པའི་འདུམ་སྒྲིག་བྱ་སྤྱོད་འཕེལ་མེད་ཀྱི་གནས་སུ་གྱུར་པ་དང་བསྟུན་ནས། ཨ་རི་ཕྱོགས་ཀྱི་བཟོད་སེམས་ཉིན་རེ་བཞིན་ཇེ་ཆུང་དུ་འགྲོ་བཞིན་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད།

གཡང་འབུམ་རྒྱལ་གྱིས་བསྒྱུར།